ཀྲོའུ་ཏའོ་ཕིང་།
ངའི་ཕ་ཡུལ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་རྫོང་ཞིག་ཡོད་པ་ནི་སི་ཁྲོན་ནས་བོད་དུ་བསྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པས་དེར་དཀར་མཛེས་ཀྲོའུ་ཡི“ཤར་སྒོ་ཆེན་པོ”ཞེས་འབོད་ཀྱི་ཡོད་པ་དེ་ནི་ལྕགས་ཟམ་རྫོང་ཡིན། ལྕགས་ཟམ་རྫོང་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གསར་བརྗེའི་གྲགས་ཅན་གྲོང་ཞིག་རེད། སློབ་གྲྭ་འགྲིམས་དུས་ནས་ང་དང་ལྕགས་ཟམ་རྫོང་དབར་ལས་དབང་གི་མདུད་པ་གཅིག་ཏུ་འདུས་ཏེ་ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་དགོས་བྱུང་། ཕྱིས་སུ་དཔུང་སྡེར་དམག་ཞབས་ཞུ་རིང་ཕ་ཡུལ་དུ་ལོག་དུས་ཀྱང་ལྕགས་ཟམ་དེ་བརྒྱུད་དགོས་ཀྱི་ཡོད། ལས་ཀར་ཞུགས་རྗེས་ཀྱི་ལོ་བཅུ་ཕྲག་ཁ་ཤས་ནང་ལྕགས་ཟམ་རྫོང་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་།
ལྕགས་ཟམ་རྫོང་གི་ས་བབ་མཐོ་ཚད་སྨི་1300ལྷག་ཙམ་ཡོད་ཅིང་། ཉི་འོད་དྲོ་ཞིང་འཇམ་ལ་གནམ་གཤིས་སྐྱིད་པོ་བསྟན་པའི་ཁར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། མ་ཟད་དེ་གར་ནི་གསར་བརྗེའི་ས་བོན་གྱིས་ཕྱུག་པའི“གསར་བརྗེའི་གྲགས་ཅན་གྲོང”ཡིན་པས་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་ཡོད།
1935ལོའི་ཟླ་5ཚེས་29ཉིན། ཀྲུང་དབྱང་དམར་དམག་གིས་ལྕགས་ཟམ་རྫོང་ནས་རྒྱལ་མོ་རྔུལ་ཆུ་བརྒལ་དུས་གཡུལ་ལས་རྣམ་པར་རྒྱལ་ནས་རྒྱང་སྐྱོད་ལམ་བུའི་ཁྲོད་ཀྱི་རྒྱལ་ཁ་གཙོ་བོ་བླངས་ཡོད། ལྕགས་ཟམ་རྫོང་དུ་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་རྫོགས་རྒྱུ་མེད། ཟམ་པ་དེའང་དམར་དམག་གི་རླབས་ཆེ་བའི་བྱ་སྤྱོད་ལས་རྒྱལ་ཕྱི་རྒྱལ་ནང་དུ་སྐད་གྲགས་ཆོད་ནས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། ད་ཆ་གསར་བརྗེའི་དྲན་འཆར་དང་གསར་བརྗེའི་ལོ་རྒྱུས་སྔ་ས་ནས་ས་གཞི་དྲོན་མོ་དེར་ས་ཁྱབ་རྡོ་ཁྱབ་བྱུང་ནས་མི་རྣམས་ལ་སྲོལ་རྒྱུན་རྒྱུན་འཛིན་དང་འབད་འབུངས་སྟོབས་བརྩོན་བྱེད་དགོས་པའི་ལྕག་སྐུལ་བྱེད་བཞིན་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས། དམག་དམངས་ཁྲི་10ལྷག་ཙམ་གྱིས་གངས་ལྗོངས་ས་མཐོར་མཁའ་ལམ་བསྐྲུན་ཏེ་མཐོ་སྡོད་ཉེན་ཆེའི་ཁྲོན་བོད་གཞུང་ལམ་ཤར་གཏོང་བྱུང་བ་དང་། དེའི་རིང་ལྕགས་ཟམ་རྫོང་བྱང་ངོས་ཀྱི་རྒྱལ་མོ་རྔུལ་ཆུའི་ཐོག་དཔྱང་ཟམ་དང་པོ་བཙུགས་ཤིང་། དུས་ད་ལྟའི་བར་དུའང་ཟམ་གདུང་ཐོག་སྔོན་བྱོན་པ་ཚོས་བྲིས་པའི་ཡི་གེ་མཐོང་རྒྱུ་ཡོད། མཐོ་ཚད་སྨི་16དང་རིང་ཚད་སྨི་132ཡོད་པའི་དཔྱངས་ཟམ་དེའི་ཐེག་ཚད་མང་ཤོས་ཏུན་15ཟིན་གྱི་ཡོད་པས། དངོས་ཟོག་བྱུར་བུར་བླུགས་པའི་ལྗིད་ཐེག་རླངས་འཁོར་ཡང་བརྟན་པོའི་ངང་ཟམ་པ་སྒྲོལ་ཐུབ་ཀྱི་ཡོད། ཟམ་པ་དེས་ཁྲོན་བོད་དབར་དངོས་ཟོག་དབོར་འདྲེན་བྱེད་པའི་ལས་འགན་ལྕི་པོ་འཁུར་ཡོད།
དེའི་རྗེས་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་སྔ་རྗེས་སུ་ལྕགས་ཟམ་རྫོང་ཁོངས་ཀྱི་རྒྱལ་མོ་རྔུལ་ཆུའི་ཐོག་མའོ་ཙེ་ཕིང་ཟམ་ཆེན་དང་ཁམས་པའི་ཟམ་ཆེན་སོགས་དེང་རབས་ཅན་གྱི་ཟམ་པ་མང་པོ་བསྐྲུན་པས། གཙང་པོའི་འབབ་རྒྱུད་ཀྱི་མི་སེར་ཁྲི་ཕྲག་མང་པོས་ཀོ་གྲུ་དང་ཤིང་གྲུར་བརྟེན་ནས་ཕར་འགྲོ་ཚུར་འོང་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་མི་དམངས་མང་ཚོགས་ཀྱིས་ལོ་ངོ་བརྒྱ་ཕྲག་རིང་མཉམ་སྦྲེལ་མཉམ་མཐུད་ཡོང་རེ་བྱེད་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ལྕགས་ཟམ་རྫོང་གི་རྒྱལ་མོ་རྔུལ་ཆུར་ཟམ་པ་རབ་དང་རིམ་པ་བསྐྲུན་པ་ལས་དུས་རབས་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་ཡོད་ལ། ང་ཚོ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པའང་མཚོན་གྱི་ཡོད།
སྔོན་ཆད་ང་ཕ་ཡུལ་དུ་སྐྱོད་རིམ་བཞིན་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཨེར་ལང་རི་བོ་བརྒལ་དགོས་ཀྱི་ཡོད། དེ་ནི་ཇི་འདྲའི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ཅིག་རེད། སྐབས་འགར་གནམ་གཤིས་སྐྱོ་པོ་བསྟན་ནས་ལམ་བདེ་པོ་མེད་དུས་རི་སྟེང་དུ་ཞག་སྡོད་བྱེད་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་མྱུར་བགྲོད་གཞུང་ལམ་དང་ལྕགས་ཟམ་རྫོང་གི་གསར་དུ་བསྐྲུན་པའི་ཟམ་པའི་ཐོག་སྐྱོད་སྐབས་རླུང་གཤོག་རྟ་ཕོ་བཞིན་མྱུར་ལ་བདེ་འཇགས་ལྡན་པའི་སྣང་བ་ཞིག་སྟེར་གྱི་འདུག
2018ལོའི་ལོ་མཇུག་ཏུ་ལྕགས་ཟམ་སྟོད་རྒྱུད་ཀྱི་སྤྱི་ལེ་5ཡི་སར་རྒྱལ་མོ་རྔུལ་ཆུ་བརྒལ་བའི་ཤིང་ཁང་ཟམ་ཆེན་བསྐྲུན་པ་རེད།
ཤིང་ཁང་ཟམ་ཆེན་དེ་ཧའེ་ཙེ་རི་བོ་དང་ཨེར་ལང་རི་བོའི་དབར་བསྐྲུན་ཞིང་། ཟམ་པའི་རིང་ཚད་ལ་སྨི་1411དང་ཞེང་ཚད་ལ་སྨི་1100ཡོད། ས་ཡོམ་རིམ་པ་9འགོག་ཐུབ་པའི་ཚད་གཞིར་གཞིགས་ནས་བསྐྲུན་པ་དང་ཟམ་ངོས་ཀྱི་ཕྱོགས་གཉིས་སུ་རླངས་འཁོར་བཞི་བསྐྱོད་ཆོག་པའི་མྱུར་བགྲོད་གཞུང་ལམ་ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་80ཡིན་པ་རེད། འཛུགས་སྐྲུན་པ་ཚོས་འབད་འབུངས་ལྷོད་མེད་ཀྱིས་ལོ་4ཙམ་དཀའ་བ་སྤྱད་དེ་དུས་བཀག་ལྟར་ཟམ་པ་བསྐྲུན་ནས་ཟམ་པའི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད། ད་ཆ་ཚོས་གཞི་དམར་མདོག་གཙོ་བོར་བྱས་པའི་མཚོན་རྟགས་རང་བཞིན་གྱི་རིམ་འདས་ལས་གྲྭ་དེ་རི་གཟར་གྲོག་རོང་ཁྲོད་འགྱིང་ངེར་གནས་པ་དང་ས་མཐོའི་ཨ་སྔོན་སྤྲིན་དཀར་གྱི་མཛེས་རྒྱན་འོག་བཀྲག་མདངས་རབ་ཏུ་འཚེར་ཞིང་། “གསར་བརྗེའི་གྲགས་ཅན་གྲོང”ལྕགས་ཟམ་རྫོང་གི་གཏིང་ཟབ་པའི་སྙིང་དོན་མངོན་པར་བྱས་ནས་མི་རྣམས་ལ་རྗེས་དྲན་དང་མནོ་བསམ་གྱི་ཀློང་དུ་ཚུད་པར་བྱེད་པའི་གོ་སྐབས་སྟེར་བཞིན་མཆིས།
འདས་ཟིན་པའི་ལོ་ཟླར་རྗེས་དྲན་བྱེད་སྐབས་དུས་ཚོད་ནི་ཡུད་ཙམ་ཞིག་ལ་འདས་པའི་སྣང་བ་ཞིག་འཆར། ལས་ཀས་རྐྱེན་པས་ལོ་ཁ་ཤས་གོང་ཟམ་རྒྱག་རིགས་གཅིག་མཁས་ཅན་དང་མཉམ་དུ་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་དུམ་བུར་བརྟག་དཔྱད་དུ་བསྐྱོད་པ་ཡིན། ཤིང་ཁང་ཟམ་ཆེན་སྐྲུན་ཡུལ་འདེམས་པའི་ཐད་ཆེད་དོན་རིགས་པས་ཁུངས་སྐྱེལ་བྱེད་པའི་གནས་ཚུལ་ད་ལྟའང་ཡིད་ལ་ཝ་ལེར་འཆར་བཞིན་འདུག སྐབས་དེ་དུས་རང་ཉིད་ལ་ཟམ་པ་དེ་བསྐྲུན་པར་དཀའ་ངལ་ཆེ་ལ་དུས་ཡུན་རིང་བའི་ཚོར་སྣང་བྱུང་མོད། འོན་ཀྱང་དཀའ་ངལ་མཐའ་དག་དཀའ་ངལ་མིན། ད་ཆ་བརྗིད་ཉམས་ཆེ་བའི་ཟམ་ཆེན་གྱིས་རང་བྱུང་འོབས་ཆེན་དེ་བགྲོད་ལམ་བདེ་མོར་གྱུར་ཡོད།
ཟམ་པ་དང་ལམ་གྱི་འཕོ་འགྱུར་ཆེན་པོ་ལས་ལྕགས་ཟམ་རྫོང་གི་མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གོ་སྐབས་བྱུང་རིམ་བཞིན་རང་ཉིད་ལྕགས་ཟམ་རྫོང་དུ་ཡུལ་ལྗོངས་དང་ཟམ་པར་ལྟ་བར་འགྲོ་གི་ཡོད། ཉི་མ་ནུབ་ཁར་དགོང་དྲོའི་མཚམས་སྤྲིན་གྱིས་བར་སྣང་མཚམས་སུ་གསེར་མདོག་གི་མཛེས་རྒྱན་སྤྲས་པ་དང་། ལྕགས་ཟམ་རྫོང་གི་དམར་དམག་ཐང་ཆེན་དུ་མི་ཚོགས་སྟུག་ལ་འུར་སྒྲས་ཁེངས་བཞིན་དེ་གའི་མི་ཚོས་དགའ་སྤྲོའི་གླུ་གཞས་ལེན་བཞིན་ཞབས་བྲོ་འཁྲབ་པ་དང་འཁྲུག་ཆ་དོད་ལ་བཀྲ་ཤིས་པའི་རྣམ་པ་དེ་ལས་ངར་སེམས་འགུལ་ཆེན་པོ་ཐེབས་བྱུང་།
གསར་བརྗེའི་སྙིང་དོན་ལྡན་པའི་ལྕགས་ཟམ་གྲོང་དུ་ཁྱེད་ཀྱིས་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་མུ་མཐུད་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པའི་སྨོན་འདུན་ཞུ།