སྤྱི་ཟླ་7པའི་ཚེས་13ཉིན་གྱི་སྔ་དྲོར། ས་ཆེན་དབྱངས་ལ་འགུགས་ཞེས་པའི་2023ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་དུ་འཚོགས་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། འོང་སྐོར་དུས་ཆེན་ནི་བོད་ཀྱི་རོང་པའི་ས་ཁུལ་གྱི་གྲོ་ནས་སྲན་གསུམ་སྨིན་ཞིང་ལོ་ལེགས་ཡོང་བར་སྨོན་འདུན་ཞུ་བའི་དུས་ཆེན་ཞིག་ཡིན་ལ། ལྷག་ཏུ་བྲག་འགོའི་རོང་ཁུལ་དུ་གནའ་ནས་དར་བའི་སྲོལ་རྒྱུན་གྱི་དུས་ཆེན་གྲགས་ཅན་ཞིག་ཡིན་པ་དང་། མིང་གཞན་ལ་ལོ་ལེགས་དུས་ཆེན་ཡང་བརྗོད་སྲོལ་ཡོད།
2023ལོའི་བྲག་འགོའི་འོང་སྐོར་དམངས་སྲོལ་རིག་གནས་བྱེད་སྒོ་ནི་སྲོལ་རྒྱུན་གྱི་དུས་སྟོན་ལ་གཞི་འཛིན་ས་བྱས་ནས་རིག་གནས་ཀྱིས་ཡུལ་སྐོར་སྣེ་ཁྲིད་དང་། ཡུལ་སྐོར་གྱིས་རིག་གནས་མངོན་པའི་འདུ་ཤེས་བཟུང་སྟེ། བྲག་འགོ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ལས། ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་བཅས་ལ་བརྟེན་ནས། བྲག་འགོའི་རིག་གནས་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟེ། སྲོལ་རྒྱུན་གྱི་ལོ་ལེགས་དུས་ཆེན་ལ་ནང་དོན་གསར་པ་བསྣན་ཡོད།
བྱེད་སྒོ་སྤེལ་རིང་། ད་དུང་མདོ་དབུས་མཐོ་སྒང་གི་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་པ་སྟེ། ང་ཚོའི་དུས་ཆེན་ཞེས་པའི་བྲག་འགོ་རྫོང་གི་འོང་སྐོར་དམངས་སྲོལ་རིག་གནས་ཀྱི་སྒོར་ཅོག་བཅར་གླེང་དང་། བྲག་འགོ་རྫོང་གི་གཞོན་ནུའི་གསར་གཏོད་ལས་སྐྲུན་འཕེལ་རྒྱས་ཀྱི་སྤེལ་རེས་ཚོགས་འདུ་སྐབས་དང་པོ་སོགས་བྱེད་སྒོ་ཆེན་པོ་གསུམ་སྤེལ་ནས། ནས་ཀྱི་ཐོན་ལས་དང་དམངས་སྲོལ་རིག་གནས། གསར་གཏོད་ལས་གཏོད་ཀྱི་ཞིབ་འཇུག་བྱ་གཞི་ཆེན་པོ་གསུམ་ལ་དམིགས་ནས་བློ་སེམས་གཅིག་སྒྲིལ་དང་། ཐུན་མོང་ཐོག་བྲག་འགོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།
གཞན་ཡང་། བྱེད་སྒོའི་ཁྲོད་ད་དུང་བྲག་འགོའི་ལ་གླུ་འགྲན་བསྡུར་སྐབས་དང་པོ་དང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན། པར་ལེན་ཡིག་གཟུགས་འགྲེམས་སྟོན། རྟ་རྒྱུག་གཡག་རྒྱུག་འགྲན་བསྡུར། རླངས་འཁོར་འཐེན་ཤུགས་འགྲན་བསྡུར། གསར་བརྗེའི་གླུ་དབྱངས་ཀྱི་འཁྲབ་སྟོན། རོལ་མོའི་མཚན་ཚོགས། བཅུད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གསོལ་སྟོན་ལ་བརྟེན་ནས། ལྷག་བསམ་ཟོལ་མེད་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་མགྲོན་དུ་བསུས་ཡོད། །