གླིང་ཕྲུ་སྒར་ནང་ནས་སྤྲང་ཕྲུག་ཁྱོད། དམའ་འབེབ་ཉོ་བ་ཡོང་ལེ་འམ། མགོ་སྐེ་སྐྱེལ་དུ་ཡོང་ལེ་འམ། དེ་མིན་ན་གང་དུ་འགྲོ་འདོད་ཡིན། སེམས་མ་ཡེངས་གུང་རྗེས་གླུ་ལ་ཉོན། ཟེར་ནས་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །
བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །
མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །
ལྕགས་ནག་དམ་པའི་དགུ་སྒྲིག་མཁྱེན། །
རྒྱལ་པོ་དམར་པོའི་གདུང་རྒྱུད་མཁྱེན། །
གཉིད་མེད་ཨ་མཆོད་གུ་རུ་མཁྱེན། །
གཟིམས་མེད་མར་མེ་ཚེ་འབར་མཁྱེན། །
མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །
དུས་དེ་རིང་ཉི་མའི་གདོང་གང་ལ། །
དཔའ་རྟིང་མ་རང་གིས་ལོན་པར་ཤོག །
དགྲ་མ་ཐུབ་ཆམ་ལ་འབེབས་པར་ཤོག །
ས་འདི་ཡི་ས་ངོ་མ་ཤེས་ན། །
ཐང་གཅིག་ལ་མིང་གཉིས་ཐོགས་ལེ་དེ། །
འགའ་རེས་རྨ་སྲིབ་ན་ཆེན་ཟེར། །
འགའ་རེས་ཨ་ཕྱི་དུག་ཐང་ཟེར། །
ཧོར་གུར་དཀར་དམག་སྒར་འདེབས་ས་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཨ་ཆེན་ཧོར་གྱི་ས་ཆ་ན། །
སེར་མོ་རག་དུག་མཁར་དགུ་ནས། །
མཁར་ཡ་རྩེ་ཆགས་པའི་གདུང་མ་རེད། །
གུར་སྟོང་ཤོང་ཕུབ་པའི་ཀ་བ་རེད། །
དཔོན་གུར་དཀར་རྒྱལ་པོའི་བློ་གཏད་རེད། །
སྡེ་ཁྲ་བོ་ཁྲ་ཤོག་སྣ་འདྲེན་ཡིན། །
མིང་འབོད་ན་འབོད་རིན་ཆོག་ཙམ་ཡིན། །
གུང་རྗེ་གཡུ་ཡག་ཁྲི་བཙུན་ཡིན། །
རྟ་འདོ་བ་སེངྒེ་སྲབ་མེད་ཡིན། །
མཚོན་རྣོན་པོ་སྤུ་གྲི་ཐུག་གཅོད་ཡིན། །
ཕོ་འཁྲོས་སྟེང་མ་ལྷ་ཡི་རིགས། །
ཁྲོས་ཐག་ཆོད་བདུད་ནག་བུ་ལས་ཐུ། །
ཁྱོད་དཀར་པོ་སྐྱ་ཡིས་ང་ལ་ཉོན། །
དེ་རིང་ཉི་མའི་སྔ་དྲོ་ལ། །
དཔོན་འདྲོགས་མགོ་རྒྱ་ཙུག་ཇག་ལ་བྱུང་། །
ཕོ་མི་བྱེད་བྱེད་མདོག་བྱས་ནས་བྱུང་། །
མི་རྒོད་རྒོད་མདོག་བསྟན་ནས་བྱུང་། །
ཝ་འཛུམ་སྟག་ལ་བརྫུས་ནས་བྱུང་། །
ཧོར་སྒར་ཕྱི་ནང་མཚམས་ཤེད་ནས། །
སྟོབས་ཆེན་གྱིས་བཙིར་སེ་བཟུང་ནས་བྱུང་། །
ཁྲ་ཧོར་པས་བྱེའུ་ཆུང་བཟུང་འདྲ་རེད། །
ཧོར་གུར་དཀར་གྱི་སྔུན་ལ་འཕངས་ནས་ཐལ། །
ཁ་འདར་སེར་རྡོག་ཡར་ཡར་རེད། །
ལུས་འདར་ལྕང་ལོ་བསིགས་བསིགས་རེད། །
གཏམ་ཅི་ཟེར་འབྲུ་འབྲམ་ཙམ་ཡང་མེད། །
གླིང་ནང་བཤིག་སྟ་རེ་གཡུག་ཅིང་ཡོད། །
ཧོར་ཕྱི་བཤིག་སྟེའུ་ཁ་བརྡར་ཞིང་ཡོད། །
ཁྱོད་དགའ་ལེ་ཡིན་ནམ་སྡུག་ལེ་ཡིན། །
གནའ་མི་བོད་ཀྱི་གཏམ་དཔེ་ལ། །
ཕ་ཁུ་བོ་དུག་ཤིང་སྟག་མ་ལ། །
བུ་ཙནྡན་མེ་ཏོག་འཁྲུངས་ལོ་མེད། །
སྡར་མ་ཝ་ཡི་བུ་རྒྱུད་ལ། །
དམར་ཡག་འཛུམ་དྲུག་ཡོང་ལོ་མེད། །
བྱ་རྒྱལ་ཁྱུང་གི་སྒོ་ང་ནས། །
ནེ་ལེ་སྦལ་ཟན་འཁྲུངས་རབས་མེད། །
ལྷ་བྱ་གོང་མོའི་གཤོག་ཞབས་ན། །
འདྲེ་བྱ་སྲེག་པ་བཙས་རབས་མེད། །
འཇིག་རྟེན་བོད་ཀྱི་གཏམ་དཔེ་ལ། །
ཕོ་ཡ་རབས་མ་རབས་སྤྱོད་པས་ཤེས། །
ས་ཕྱོགས་གང་ཡིན་སྐད་ཀྱིས་འབྱེད། །
ཁྱོད་གོ་གྱོན་མཚོན་ཐོགས་བྱེད་ལུགས་དང་། །
ལག་པས་ལྕག་ཚན་བྲེལ་ཚུབ་ཚུབ། །
རྐང་པས་ཡོབ་རྡུང་ཁྲ་ལ་ལ། །
འདྲ་ཐག་ཆོད་ད་ནངས་དཔོན་དང་འདྲ། །
ཡང་མིན་ན་ཕ་བུ་ཁུ་ཚན་འདྲ། །
དེ་མིན་ན་ཉེ་བ་ནང་མ་འདྲ། །
ཕོ་ཁྱོད་རང་ཆས་ཆས་བྱེད་མདོག་དེ། །
གླིང་རང་མགོ་ཆུ་འདྲེན་ཨེ་ཡིན་ལགས། །
དེ་མིན་ན་རྒོད་པོ་རང་ཚོད་ཟུངས། །
ས་དེ་ཡི་ཡན་ལ་མ་ཡོང་ལགས། །
ད་ནངས་བྱུང་བའི་སེར་པོ་སྐྱ། །
གཏམ་ཅི་ཡོད་ལྕེ་རྩེས་མ་བཟུང་ཐལ། །
ལས་འདི་བྱེད་དྲན་པས་མ་བཟུང་ཐལ། །
ལས་མཐའ་མ་གྲི་རུབ་བརྒྱབ་ནས་ཐལ། །
ཕོ་དེ་ལ་ཅི་ཡོང་ཁྱོད་ལ་ཡོང་། །
ཁྱོད་ཚུར་ཚུར་མ་ཡོང་བསྡད་ན་དགའ། །
ངས་མདའ་གཅིག་འཕེན་པའི་ལམ་སོ་ན། །
སྙིང་ཁྲག་ས་ལ་མི་ཕོ་རི། །
གྲི་གཅིག་གཡུག་པའི་ས་མཚམས་ནས། །
མགོ་དར་འཕྲུ་ཐང་ལ་མི་བསྒྲིལ་རི། །
ཁྱོད་ཧམ་ཆེན་བུ་ཞིག་མ་རེད་དམ། །
དེ་སྔ་གླིང་དཀར་མི་རྒོད་ཚོས། །
ཧོར་རྩྭ་མི་ཤིང་མི་བསད་བསད་དེ། །
ཁྱོད་ང་ལ་འགྲོ་བསམ་ཨེ་ཤར་དོ། །
སྟག་འཛུམ་དྲུག་མཆོང་བའི་ཤུལ་ལམ་ལ། །
ཝ་སྡར་མ་སོང་ན་སྒལ་ཚིགས་འབུད། །
ཕོ་གཞན་ལ་བརྙས་བཞག་བྱེད་ལུགས་དེ། །
མི་ལ་ང་མི་འགྲོ་ཐག་གིས་ཆོད། །
ཁྱོད་གོ་བཙན་ཡོད་ན་བཟུར་ནས་སྡོད། །
དེ་མིན་ཕྱི་བལྟས་མེད་པར་བྲོས། །
དམར་ཡག་སྟག་གི་ཁ་རྩ་ན། །
ཝ་སྡར་མ་བྲོས་པས་ཐར་ས་མེད། །
རྔ་རིང་ཤ་ལེར་སྲོག་དམར་སྐྱེལ། །
སྤྱང་ཨ་ཐང་སྔོན་མོའི་ཁ་སྔུན་ནས། །
ལུག་གཡང་དཀར་བྲོས་པས་ཐར་ས་མེད། །
མིག་འབྲས་སྔོ་ལེར་སྲོག་དམར་སྐྱེལ། །
ང་གུང་རྗེ་དཔའ་བོའི་ཁ་སྔུན་ན། །
ཁྱོད་གླིང་ཕྲུག་བྲོས་པས་ཐར་ས་མེད། །
སྐེ་ཁྲག་འཕྲོ་ཙ་རེ་སྲོག་དམར་སྐྱེལ། །
ལས་དེ་བས་ཐར་རྒྱུ་ག་ན་ཡོད། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
ཁྱོད་གླིང་ཕྲུག་གི་ཡིད་ལ་དེ་ལྟར་ཞོག །
ཟེར་བ་དང་མཉམ་དུ་མདའ་གཅིག་སྤྲིངས་བྱུང་བར་ཉ་ཚས་རྟ་གངས་རི་ལ་ལྕག་ཚན་གཅིག་བརྒྱབ། སྲབ་དཀྲུག་གཅིག་བྱས་པས་རྟ་གཟུར་མཆོང་བྱས་པ་དང་འགྲིགས་ནས་ཕར་སྐྱ་རྒྱང་ངེར་སོང་། །