གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
གླུ་ཨ་ལ་ཐེངས་གསུམ་མ་བླངས་ན། །
སྟོང་བའི་ངག་ལ་མི་ཁུགས་དོ། །
ཐ་ལ་ལན་གསུམ་མ་བོས་ན། །
སྨྲ་བརྗོད་ཚིག་སྣེ་མི་འབུད་དོ། །
གོམ་གསུམ་རྐང་ཆུང་མ་སྤོས་ན། །
ཐེམ་པའི་ཕྱི་ནང་མི་རྒལ་དོ། །
ཚིག་གསུམ་འདྲ་མ་མ་གླེང་ན། །
ཐོས་འཛིན་རྣ་ཡིས་མི་ཐོས་དོ། །
ས་འདི་ས་ངོ་མ་ཤེས་ན། །
གླིང་མདའ་ར་ན་གླེང་གོང་མ་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
འབུམ་པའི་རྒྱ་ཚ་ཞལ་དཀར་ཡིན། །
མགོ་དར་འཕྲུ་རྒོད་འཕུར་ཆན་ཆད་ལ། །
ཉི་ཟླ་མིན་པས་འགྲིམ་ལམ་མེད། །
ད་ལོ་ཧོར་དུས་ཐོག་བརྫིས་བྱས། །
ལུས་ཁྲབ་དཀར་ཚེ་མདུད་གྱོན་ལམ་ན། །
སྐེད་འཁོར་གསུམ་མིན་པས་འགྲིམ་ལམ་མེད། །
ད་ལོ་ཡ་རྩེའི་དུག་མཚོན་གཡུགས། །
རྟ་འདོ་བའི་ཡོབ་ཆེན་གསེར་ལོང་མ། །
རྐང་ཆུང་མིན་པས་འགྲིམ་ལམ་མེད། །
ད་ལོ་ཧོར་ཁྲག་ཡུར་ཆུ་འཐེན། །
རལ་གྲི་ཡ་ཟིའི་སོ་ལམ་ན། །
རྣོ་ངར་མིན་པས་འགྲིམ་ལམ་མེད། །
ད་ལོ་ཤ་ལན་ཁྲག་ལམ་འཐེན། །
ལུས་འདོམ་གང་སྡིག་པས་སྨྱོས་ལེ་བྱས། །
དེ་ནས་གླིང་རུའི་ལྷ་སྡེས་ཉོན། །
ཁེར་ཉིན་སྟོན་དགུན་དཔྱིད་མཚམས་ལ། །
སྒར་གྲུ་བཞིས་རང་ཇུས་བཟུང་བའི་དུས། །
ཡོང་དོན་མེད་པའི་ལྟས་ངན་ལ། །
མོ་སྨན་སེང་ལྕམ་སྒར་འགྲམ་བྱུང་། །
འཐུང་མ་མྱོང་ཤི་ཁྲག་མུན་ཆུ་དྲངས། །
ཁ་བདེ་ལྕེ་བདེ་གླུ་ལེན་བྱས། །
རྫོང་དང་བུམ་པ་འཛིན་རྒྱུ་དྲན། །
དེ་སྟེ་གནའ་མིའི་གཏམ་དཔེ་ལ། །
ཕོ་རྒོད་པོའི་ནང་གི་དཔའ་བོ་དེ། །
ཡིན་མིན་འགག་ལ་གཏུགས་ན་གསལ། །
རྟ་བཟང་པོའི་ནང་གི་མགྱོགས་པོ་དེ། །
ཡིན་མིན་ཐང་ཆེན་ཟུར་ན་འབྱེད། །
མི་མང་པོའི་ནང་གི་ཤེས་རྒྱ་ཅན། །
བྱ་བ་གལ་ལ་ཐུག་ན་ཤེས། །
མི་རྒོད་གོ་ཁའི་ཡ་ཕུག་མནན། །
རྟ་མགྱོགས་མུན་པའི་བྲེས་ལ་བཏགས། །
འཁོར་གསུམ་དུ་བའི་གདང་ལ་བཀལ། །
ཁྲབ་རྨོག་རྒྱབ་འགྲིལ་རྡོག་མནན་བྱས། །
ཇུས་གྲུ་བཞི་ཧོར་ལ་སྐྱེལ་ནས་ཐལ། །
ཡང་མིན་ན་ན་ནིང་དཔྱིད་ཀ་ནས། །
བྲོས་གབ་ཅི་བྱས་ཆོག་རྒྱུ་ལ། །
དང་པོ་སྒར་ཆུང་འདེབས་ལོ་བྱས། །
དཔའ་བརྟུལ་གསོད་གཏུབ་མ་འཛེམ་པར། །
ཤི་བསད་སྡིག་པའི་འཁོར་ལོ་བསྐོར། །
དེ་ནས་ཝ་མོ་འཕྱི་ཁུང་འཛུལ། །
ཁྱི་ལུད་དྲི་ངན་དེ་ནས་བྱུང་། །
མངགས་དོན་མེད་པའི་ནེའུ་ཆུང་མ། །
དགྲ་བོ་ཧོར་ལ་སྦྱིན་རྒྱུ་བྱས། །
ལ་བདེ་ཆུ་བདེ་ཡིན་ནོ་ཞེས། །
གླིང་དམག་ཁྲ་བོ་རང་ཡུལ་བརྫངས། །
དེ་ནས་ཧོར་དམག་འབུམ་སྡེ་དེ། །
ལམ་སྐྱ་མོ་བཟུང་ནས་སོང་ངོ་ཟེར། །
དེ་མི་བདེན་ཕྱིར་རྗེས་ཆག་སེ་མནན། །
གྲོང་གསེབ་མི་རྟས་ཁེངས་ལེ་བྱས། །
རྫོང་བུམ་ཆུང་ཨ་ལོང་བསྐོར་བསྐོར་བྱས། །
ཤར་ཇ་མཁར་རིང་མོའི་སྒོ་ཆུང་གཏོར། །
ལས་ཟོག་ནོར་བུ་ཆ་བདུན་ཁུར། །
ཚེ་གང་བསགས་པའི་ཇ་རྐང་གཏོར། །
ན་ཆུང་མེ་ཏོག་གདོང་ལེན་བྱས། །
གསེར་པའི་ཁྲོ་རྒྱལ་བེར་དཀར་དང་། །
རྨུ་སྤྱང་ཉི་མ་ལྷུན་གྲུབ་གཉིས། །
འདན་གྱི་གུ་རུ་རྒྱལ་མཚན་གསུམ། །
མགོ་སྐེ་ཁྲག་ལ་བསྲེས་ནས་གདའ། །
འབུམ་པའི་ཤེལ་དཀར་རྒྱང་གྲགས་དང་། །
འོམ་བུའི་སྤྱང་ཁྲི་རྔམ་ཆེན་གཉིས། །
མི་རྒོད་མུན་པའི་བཙོན་ལ་བཟུང་། །
བྱ་རྒྱུ་ཅི་ཡོད་ཚར་ནས་གདའ། །
སུ་ལན་རྩ་བ་བཤད་པ་ན། །
སྤྱི་ལན་གླིང་རུའི་མ་སྲུ་ལན། །
མོ་སྨན་བྱ་བ་ཡ་རབས་མེད། །
འཇག་མས་ལབ་རྩེ་བསྟོད་ཉན་མེད། །
ཤོག་བུའི་དར་ལྕོག་འཕྱར་ཉན་མེད། །
ར་ཚེ་ཚེ་ལམ་མཁན་བཅོལ་ཕོད་མེད། །
མར་དཀར་ཉི་མར་ལྡེ་ཕོད་མེད། །
མེད་བཞིན་མོ་སྨན་ཕུགས་བཞག་འདིས། །
སྡེ་གླིང་རུའི་བསམ་དོན་གྲུབ་ལོ་ཟེར། །
སྒེར་ལན་ཨ་ཁུ་སྤྱི་དཔོན་ལན། །
ངས་ཁེར་ཉིན་རོང་ཚ་ཤོར་བའི་དུས། །
ཕུ་ནུ་ཆོས་ལུ་དར་འཕེན་གཉིས། །
དཔོན་ཆུང་ཉི་འབུམ་དར་ཡག་གསུམ། །
སྤུན་གསུམ་དཔུང་སྡེབས་འགྲོ་འོ་བྱས། །
གུར་དཀར་ལག་ལ་ལེན་ནོ་བྱས། །
དེ་ཡང་མི་དགའ་མི་འགྲིག་ཟེར། །
ཕོ་གསར་བྱ་བ་མི་ཉན་ཟེར། །
ད་མི་དགའ་རྒྱུ་དེ་ག་ན་གདའ། །
ལ་གཞི་མི་རྒན་བྱ་བ་འདི། །
ཉི་མ་དྲོ་དུས་ཁ་ལྕེ་བདེ། །
ཕོ་བ་རྒྱགས་དུས་སྣང་བ་མཐོ། །
ཆང་མགོ་མ་འཐུང་དུས་སེམས་འཕང་མཐོ། །
མི་འཇུ་བཞིན་དུ་ཤ་དམར་ཟ། །
ཕོ་མི་བྱེད་བཞིན་དུ་གྲོས་ར་འགྲིམ། །
གཏམ་ཉན་མཁན་མེད་པར་སྐྱོས་གཏམ་སྨྲ། །
རྒན་པོ་སྐྱོས་ན་བཟང་རྒྱུ་མེད། །
གླིང་དཀར་མཐོང་བ་ཀུན་སྨོན་འདིས། །
བློ་ཕུགས་རྒན་དང་མོ་སྨན་བཞག །
ཤི་བསད་ཕུ་ནུ་དར་མ་རེད། །
ཉི་མ་དེ་རིང་ཕན་ཆད་ནས། །
ཡང་མིན་ན་རྒྱ་ཚ་ཟེར་བ་གཅིག །
ཡང་མིན་ན་གུར་དཀར་ཟེར་བ་གཅིག །
མ་བྱུང་ཞལ་དཀར་སྡོད་རྒྱུ་མིན། །
ཧོར་གླིང་ཇུས་ཀྱི་རྟིང་མ་ལ། །
སྲོག་དམར་འབེན་ལ་མ་བཞག་ན། །
ལྡོང་འབུམ་པའི་ལྷ་རྒྱུད་མིན་པའི་རྟགས། །
གླིང་དཀར་ལྷ་སྡེ་ཕྱུག་མོ་འདིའི། །
གྲོས་མགོ་ཨ་ཁུ་སྤྱི་དཔོན་གྱིས། །
གྲོས་སྐེད་འགག་བཟའ་འཕུང་སྡུག་གྱིས། །
གྲོས་རྟིང་རྒྱ་བཟའ་འདྲེ་སྡུག་གྱིས། །
གླིང་མཐའ་ཆུ་སྐུར་ཅི་ཐུབ་གྱིས། །
དར་འཕེན་དུག་གི་སྡོང་བོ་གཅིག །
དཔོན་ཆུང་ཉི་འབུམ་དར་ཡག་གཉིས། །
ང་རང་སྤུན་གསུམ་གྲ་བསྡེབས་ནས། །
མི་འདུག་ད་ལྟར་འགྲོ་རྒྱུ་བྱེད། །
ཤི་ན་འགྱོད་མེད་གསུམ་ཤི་གྱིས། །
གསོན་ན་གཏམ་རྒྱུད་གླེང་རྒྱུ་བྱེད། །
ཅི་མ་ཡིན་ལ་སྡོད་པ་མིན། །
གོ་ན་རྣ་བའི་བདུད་རྩི་ལ། །
མ་གོ་གླུ་ཡི་འགྲེལ་བ་ཞུ། །
འདིར་བཞུགས་ཡིད་ལ་དེ་ལྟར་ཞོག །