རི་ཆུ་མིག་འབྲས་བཞིན་དུ་བསྲུངས་ཏེ་སྐྱེ་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-26




——འཛམ་ཐང་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་ཟིན་བྲིས་ཐུང་ངུ་།


      ཞོགས་པའི་སྐྱ་རེངས་སྒེའུ་ཁུང་ངོས་སུ་ཤར་མ་ཐག འཛམ་ཐང་རྫོང་སི་ལི་ཡུལ་ཚོའི་དར་རྐུ་སྨད་མ་སྡེ་བའི་ནགས་སྲུང་བ་བསོད་ནམས་སྟོབས་རི་མགོར་འགྲོ་བའི་ཆས་ལ་ཞུགས། འདི་ནི་ཁོའི་ཉིན་རྒྱུན་གྱི་ལས་ཀ་ཡིན། ད་ལྟའི་དུས་འདིར་གོང་འོག་ཚང་མས་ཚ་ཚ་འུར་འུར་གྱིས་མེ་འགོག་གི་ལས་དོན་མ་ལུས་བྱ་སྤུ་གནོན་ལྟར་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་ཡིན་ཞིང་། བསོད་ནམས་སྟོབས་རི་མགོར་འགྲོ་སྐབས་གནམ་གཤིས་དང་མེའི་འབྱུང་ཁུངས། འབར་སླ་བའི་དངོས་རྫས་སོགས་ལ་དོ་སྣང་དགོས་པར་མ་ཟད། ཡུལ་མི་རྣམས་ལ་མེ་འགོག་དང་ནགས་སྲུང་སྐོར་གྱི་རྒྱུན་ཤེས་སོགས་དྲིལ་སྒྲོག་བྱེད་དགོས།


      འཛམ་ཐང་རྫོང་ནི་རང་ཁུལ་གྱི་ནུབ་བྱང་རྒྱུད་དུ་ཆགས་ཤིང་། མདོ་དབུས་མཐོ་སྒང་གི་ཤར་མཐའི་རི་བོ་དང་འོབས་ཀླུང་། རི་འབུར་བཅས་ཀྱི་བར་བརྒལ་ས་མཚམས་ཡིན་ལ། དེར་ནགས་ཚལ་དང་རྩྭའི་ཐོན་ཁུངས་ཤིན་ཏུ་མོད་པོ་ཡོད་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་མ་ཟད། སི་ཁྲོན་དང་ཡུན་ནན་གྱི་ནགས་ཚལ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་ས་ཁུལ་ཡང་ཡིན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་སྐབས་སུ། སྡོང་བོའི་བཅད་པའི་འབྲས་བུ་ཡིས་ས་ཁུལ་གྱི་དཔལ་འབྱོར་གོང་དུ་འཕེལ་བར་རྔོ་ཐོགས་ཆེན་པོ་ཐོབ་ཀྱང་། སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་ཐེབས་པ་ཀུན་གྱིས་མིག་མཐོང་ལག་ཟིན་རེད།


      1998ལོ་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་བཟོ་སྐྲུན་ཆ་ཀུན་ནས་ལག་ཏུ་བསྟར་བའི་མགོ་བརྩམས་ཤིང་། འཛམ་ཐང་རྫོང་གིས་སྡོང་བོ་གཅོད་མཁན་གྱི་ལག་གི་སྟ་རེ་ས་ལ་བཞག་ནས་རྐོ་མ་ལག་ཏུ་འཛིན་པར་བསྐུལ་ཏེ། སྡོང་བོ་ཚོད་མེད་དུ་གཅོད་པ་ནས་སྡོང་འཛུགས་ཀྱི་བྱ་གཞག་ལ་གཞོལ་བ་སོགས་ཕུགས་སུ་ཕན་པའི་ཐོན་ལས་གོང་འཕེལ་གྱི་ཕྱོགས་སུ་འགྲོ་བའི་ཆས་ལ་ཞུགས་པ་རེད།


      བསོད་ནམས་སྟོབས་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོས་སྲུང་བའི་ནགས་ཚལ་ནི་དར་རྐུ་སྨད་མ་སྡེ་བའི་ཕྱུགས་ར་ནས་རྒྱལ་ལམ་317པའི་འགྲམ་གཉིས་ཀྱི་ས་ཁུལ་དག་ཡིན། བསོད་ནམས་སྟོབས་ཀྱིས། གནས་འདིའི་རྩྭ་དང་སྡོང་རྐང་གཅིག་ཡིན་ཡང་ང་ལ་རྒྱུས་ཤིན་ཏུ་མངའ་ཞིང་། ས་འདིའི་ནགས་ཚལ་ཡག་པོ་སྲུང་བ་ནི་ངའི་ཕྲག་ཏུ་བབས་པའི་འོས་འགན་ཡིན་ཞེས་བཤད། སྐྱེ་ཁམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་བས་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོན་ཡོད། ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ནགས་ལས་སྒྱུར་བཅོས་ཀྱི་ལས་དོན་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་བས་ནགས་ལས་འཕེལ་ཞིང་རྒྱས་པར་ཆེས་ཆེར་བསྐུལ། ད་ལྟའི་ཆར། རྫོང་ཡོངས་ཀྱིས་ནགས་ཚལ་དང་སྐྱེ་དངོས་གཞི་མར་འཛིན་པ་དང་། ནགས་རྩྭ་གཉིས་ཀ་གཅིག་གྲོགས་གཅིག་ཏུ་འགྱུར་བའི་སྐྱེ་ཁམས་མཛེས་ཤིང་སྡུག་པའི་མ་ལག་བཟང་བོའི་རྣམ་པ་ཁད་ཀྱིས་གྲུབ་པའི་མཐུ་ཡིས། ནགས་ཚལ་གྱི་ཁྱབ་ཚད་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པའི་བཟོ་སྐྲུན་ལག་ཏུ་མ་བསྟར་བའི་གོང་རོལ་གྱི་བརྒྱ་ཆ་38.33ནས་བརྒྱ་ཆ་46.71ཏུ་འཕར་ཞིང་། ནགས་རྩྭ་གཉིས་ཀའི་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆ་91ཟིན་པ་རེད།


      རྒྱུས་ལོན་པ་ལྟར་ན། མེ་འགོག་ནགས་སྲུང་གི་ལས་དོན་ཚ་ཚ་འུར་འུར་གྱིས་སྒྲུབ་བཞིན་པའི་སྐབས་འདིར། འཛམ་ཐང་རྫོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་མེའི་འཇིགས་པ་དང་འབྱུང་ཁུངས། མེ་འགོག་གི་ཕན་ཡོན་དང་མེའི་འཇིགས་པའི་ཉེས་དམིགས་སོགས་ཀྱི་ལས་དོན་ཚགས་དམ་པོའི་སྒོ་ནས་བསྒྲུབས་དང་སྒྲུབ་བཞིན་གདའ།

      ད་ལྟའི་ཆར། འཛམ་ཐང་རྫོང་དུ་བསོད་ནམས་སྟོབས་ལྟ་བུའི་ནགས་སྲུང་བ་2150ཡོད་ཅིང་། མཐོ་བ་རྫོང་དང་དམའ་བ་སྡེ་བའི་བར་དུ་མེ་འགོག་ནགས་སྲུང་གི་ལས་ཁུངས་ཡོད་པ་དང་། ཁོ་ཚོས་ཉིན་ལས་ཉིན་ཐུང་ཞིང་མཚན་ལས་མཚན་ཐུང་བར་བྱས་ནས་རི་ཆུ་མིག་འབྲས་བཞིན་དུ་བསྲུངས་ཤིང་། བུ་རབས་ཚ་རྒྱུད་ཀྱིས་སྐྱེ་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད་པའི་སྐལ་བཟང་མངོན་དུ་འགྱུར་བའི་ཕྱོགས་ལ་ཤ་ཐང་ཐང་གིས་འབད་བཞིན་ཡོད། སྐྱེ་ཁམས་བདེ་ན་ཁོར་ཡུག་མཛེས་ཤིང་། ཁོར་ཡུག་མཛེས་ན་ལྗོངས་སྐོར་གྱི་ལས་རིགས་དབྱར་གྱི་མཚོ་མོ་བཞིན་རྒྱས་པར་གོར་མ་ཆག ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ཚང་ཚིང་གཡུ་ལོ་བཀྲ་བའི་ནགས་ཚལ་གྱི་ཐོན་ཁུངས་ལ་བརྟེན་ནས། ཕྱོགས་གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་གཞན་ཞིག་ནས་སྐྱེ་ཁམས་ལྗོངས་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཁུལ་ཡོངས་ཀྱི་ལྗོངས་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་དང་འོ་ཆུ་ལྟར་འདྲེས་སུ་བཅུག་ནས། ལྗོངས་ཁུལ་མང་པོ་འཛུགས་སྐྲུན་བྱས་ཏེ་མང་ཚོགས་ལ་སྐྱེ་ཁམས་ཀྱི་མཛེས་པ་དང་ཕན་འབྲས་ལོངས་སུ་སྤྱོད་དུ་བཅུག་པར་མ་ཟད། རང་ཁྱིམ་གྱི་སྒོ་འགྲམ་དུ་ལྗོངས་སྐོར་གྱི་ཕན་ཁེ་ལོངས་སུ་སྤྱད་ཐུབ་པར་བྱུང་།


      དེང་སང་འཛམ་ཐང་རྫོང་དུ་སྐྱེ་ཁམས་ལྗོངས་སྐོར་ནི་རྫོང་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་། མི་དམངས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་པའི་ཕྱོགས་སྟོན་འཁོར་ལོ་ལྟ་བུ་ཡིན། རི་ཆུ་མིག་གི་འབྲས་བུ་དང་ཁོང་གི་སྙིང་ལྟ་བུར་བསྲུངས་པའི་རྐྱེན་གྱིས། གནས་འདིའི་ཆུ་བོ་དྭངས་ཤིང་སྐྱེ་དགུའི་གསོས་སུ་གྱུར་པ་དང་། རི་བོ་མཛེས་ཤིང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ། གནས་འདིའི་རི་ལུང་ཐང་གསུམ་ཀུན་ལ་དཔྱིད་ཀྱི་དཔལ་མོའི་སྐྱེས་སྟོབས་ཀྱི་ཡོ་ལང་རྣམ་པར་འཁྲིགས་ཤིང་། ཡུལ་མི་རྣམས་ནངས་སྔ་དགུང་འཕྱི་བྱས་ནས་ཕྱུག་འགྱུར་གྱི་ལམ་དུ་འགྲོ་བར་ནུས་པ་རྩལ་སྤྲུགས་བྱས་དང་བྱེད་བཞིན་ཡོད་དོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1