ཉེ་ལམ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་པེ་ཅིན་ནས་2021ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་དུ་བདམ་ཐོན་བྱུང་བའི་མཇུག་འབྲས་ཁྱབ་བསྒྲགས་བྱས། དེ་རུ་སི་ཁྲོན་འདབ་པའི་ཕན་རོགས་རྡོ་ཆས་རྙིང་པའི་གནའ་ཤུལ་དང་སི་ཁྲོན་ཀོང་ཧན་གྲོང་ཁྱེར་སན་ཞིང་ཏུའེ་ཧྲང་རྒྱལ་རབས་ཀྱི་གནའ་ཤུལ་སོགས་གནའ་ཤུལ་དྲུག་བདམས་ཡོད།
སི་ཁྲོན་ཞིང་ཆེན་འདབ་པ་རྫོང་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང་བ་དང་དེ་མཐུད་ནས་པེ་ཅིན་སློབ་ཆེན་གནའ་རྫས་རྟོག་ཞིབ་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་དུ་2021ལོའི་ཟླ་4པར་ཕན་རོགས་གནའ་ཤུལ་དུ་དངོས་སུ་སྔོག་འདོན་བྱས། གནའ་ཤུལ་སྔོག་འདོན་བྱས་པ་ནས་བཟུང་། གནའ་རྫས་རྟོག་ཞིབ་པས་དེ་གར་སྟ་རེ་ཚུད་པའི་རྡོའི་གནའ་ཤུལ་ཐོན་རྫས་ཁྲི་ལྷག་གསར་རྙེད་བྱུང་། དེ་ལས་ཆེས་ཉུང་ན་ཡང་ལོ་ཁྲི་13ཡན་ཆོད་དུ་མདོ་དབུས་མཐོ་སྒང་དུ་མིའི་རིགས་འཚོ་སྡོད་བྱས་པ་བདེན་དཔང་བྱས་ཡོད་ལ། ལྷག་པར་དུ་སྤུས་ལེགས་ཀྱི་སྟ་རེ་སོགས་“ཨ་སེ་ལིའི”ཐོན་རྫས་སྡེབ་སྒྲིག་གིས་“གནའ་བོའི་ཤར་ཕྱོགས་ཀྱི་མིའི་རིགས་ཀྱི་རིག་གནས་ནུབ་ཕྱོགས་ལས་རྗེས་ལུས་ཡིན་པའི་”རིག་གཞུང་གི་བཤད་ཚུལ་དེ་ནི་ཁུངས་མེད་གཏམ་འཆལ་ཡིན་པ་ར་སྤྲོད་བྱས་ཡོད། །