ལོ་ངོ40ཡི་གོང་དུ་བོད་རང་སྐྱོང་ལྗོངས་ཏང་ཨུའི་མངགས་བཅོལ་ཟབ་མོ་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་དང་དུ་བླངས་ཏེ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚད་མཐོའི་དོ་ཁུར་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྨོན་འདུན་ཁྲོད་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས(གཤམ་དུ་བསྡུས་མིང་ལ“ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས”ཞེས་བརྗོད་རྒྱུ།)1981ལོའི་ཟླ10པར་དངོས་སུ་དབུ་བརྙེས་པ་རེད།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བའི་མཉམ་སྤྲོའི་འདུ་ཚོགས་ཀྱི་བྱེད་སྒོའི་ཡུལ་དངོས།
ལོ་ངོ40ཡི་བྱ་གཞག་ཕུན་སུམ་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ། 2021ལོར་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་ངོ40ལ་སླེབས་པའི་འཁྲུངས་སྐར་བསུས་ཤིང་། ཉེ་ཆར་“མེ་ཏོག་སྣ་བརྒྱ་བཞད། བོད་ལ་བརྩེ་བས་ཁེངས།”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བའི་མཉམ་སྤྲོའི་འདུ་ཚོགས་ལྷ་ས་གསོལ་མགྲོན་ཁང་དུ་འཚོགས་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཧའེ་ཀྲོའུ་མཉམ་སྤྲོའི་འདུ་ཚོགས་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཏོ་ཧྲེང་ཆན་གྱིས་འགོ་ཚུགས་མཛད་སྒོའི་གསུང་བཤད་གནང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་སོགས་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་བོད་རང་སྐྱོང་ལྗོངས་འབྲེལ་ཡོད་ཐིང་དང་ཅུས། སྤྱི་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འཐུས་མི། ས་ཁུལ་དང་གྲོང་ཁྱེར7གྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་མཁས་ཅན་མཐུན་ཚོགས11བཅས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། སྒྱུ་རྩལ་མཁས་ཅན་རྒན་གྲས་ཀྱི་འཐུས་མི། “རིག་རྩལ་གསར་པ་གཉིས”རྩ་འཛུགས་ཀྱི་འཐུས་མི་སོགས་མི200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དེ་བཞིན་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བའི་མཉམ་སྤྲོའི་འདུ་ཚོགས་ཀྱི་བྱེད་སྒོའི་ཡུལ་དངོས།
ཝང་ཧའེ་ཀྲོའུ་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་ངོ40ཡི་རིང་བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་བྱུང་བ་དང་། “མཐོ་སྒང་”དེ“ཡང་རྩེར”འཛེགས་ཏེ་དཔའ་བོར་བསྔགས་བརྗོད་དང་། དཔེ་བཟང་ལ་བསྟོད་བསྔགས། བློ་གྲོས་ཡངས་པོས་གསར་བྱུང་ལ་འཇུག་པའི་བརྩམས་ཆོས་སྤུས་དག་འབོར་ཆེན་གསར་དུ་བཏོད་ཡོད་ལ། དེ་དག་ཚང་མ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་དབུ་ཁྲིད་དང་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། མིག་སྔར་བོད་ལྗོངས་ཀྱི་རིག་རྩལ་ལས་རིགས་སུ་སྒྱུ་རྩལ་གྱི་རིགས་སྒོ་སྣ་ཚོགས་པ་དང་། ལག་རྩལ་བྱང་ཆུབ་པ། གཞི་ཁྱོན་ཅུང་ཆེ་བ་བཅས་ཀྱི་རིག་རྩལ་དཔུང་སྡེ་ཆེན་པོ་ཞིག་ཆགས་ཡོད་པ་དང་། དུས་རབས་ཀྱི་གནས་ཚུལ་གསལ་རྟོགས་ཡོད་ལ་སྙན་གྲགས་སྒྱུ་རྩལ་ལས་རིགས་ཡོངས་སུ་ཁྱབ་པའི་རིག་རྩལ་མཁས་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་པས། སྒྱུ་རྩལ་ཤེས་ལྡན་མི་སྣ་འབོར་ཆེན་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་རྩ་ཆེའི་སྒྱུ་རྩལ་བརྩམས་ཆོས་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་སྟེ། སྣ་ཚོགས་པའི་སྒྱུ་རྩལ་རྣམ་པ་མང་པོ་ཞིག་དེང་རབས་བོད་ལྗོངས་ཀྱི་རིག་རྩལ་ལྡུམ་རའི་ནང་ཕན་ཚུན་འགྲན་རྩོད་ངང་རྣམ་པར་བཞད་ཅིང་། ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཡར་ངོའི་ཟླ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ལ། བོད་ལྗོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་དམངས་ཀྱི་ཆེད་དུ་རྣམ་ཐར་བཞེངས་བསྐྲུན་དང་། ལོ་རྒྱུས་ཀྱི་བྲིས་སྐུ་འབྲི་བཞེངས། དུས་རབས་ལ་ཀུན་སྤྱོད་དཔེ་སྟོན་བྱེད་པ་བཅས་ཀྱི་རིག་གནས་ཀྱི་འགན་འཁྲི་ཆེན་པོ་ཞིག་ཀྱང་མཚོན་ཡོད་པ་རེད།
ད་ལྟ་གངས་ལྗོངས་ས་མཐོའི་རིག་རྩལ་བྱ་གཞག་སྔར་ལས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། “རིག་རྩལ་གསར་གཉིས”རྩ་འཛུགས་དང་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་ཀྱིས་བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་ལ་ནུས་པ་འདོན་པ་དང་རང་ཉིད་ཀྱི་བློ་གྲོས་དང་ངར་ཤུགས་སྦྱིན་པར་བྱེད། མཉམ་སྤྲོའི་འདུ་ཚོགས་ཀྱི་བྱེད་སྒོའི་ཡུལ་དངོས་སུ་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་གཙོ་བོས་ཁོང་ཚོར་གཟེངས་བསྟོད་བྱ་དགའ་སྤྲད་པ་དང་། ཁོང་ཚོས་བོད་ལྗོངས་ཀྱི་རིག་རྩལ་བྱ་གཞག་ཐད་ལ་ལེགས་སྐྱེས་ཕུལ་བ་དང་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས།
ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བའི་མཉམ་སྤྲོའི་འདུ་ཚོགས་ཀྱི་བྱེད་སྒོའི་ཡུལ་དངོས།
ལོ་ངོ40ཡི་གྲུབ་འབྲས་གཡུར་དུ་ཟ་ཞིང་། ཡིད་དུ་འོང་བའི་མཐོ་སྒང་གི་རྣམ་པ་མངོན་པར་བཞེངས། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བར་དྲན་གསོ་ཞུ་བའི་རྩོམ་ཡིག《འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ལ་གཞིགས་ནས་ངོ་མཚར་བའི་ལེའུ་རྩོམ་པ་སྟེ། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ40འཁོར་བའི་ཕྱིར་དྲན་དང་མ་འོངས་པའི་བསམ་གཞིགས།》ཞེས་པ་དེ《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་ལྔ་པའི་སྟེང་བཀོད་ཡོད། རྩོམ་ཡིག་ནང་ལོ་ངོ40ཡི་རིང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བརྒྱུད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་ལ་གཞིགས་ཏེ། རིག་རྩལ་ལས་དོན་དང་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཟབ་ཏུ་གཏོང་བ་དང་། རིག་རྩལ་ལས་དོན་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གྱིས་ཏང་དང་སྲིད་གཞུང་གི་ལས་དོན་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་འོས་འགན་གྱི་བསམ་པ་ཇེ་དྲག་ཏུ་གཏོང་བ། རྒྱ་ཆེའི་རིག་རྩལ་ལས་དོན་པས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པ་རུ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཏན་ཏན་ཏིག་ཏིག་ངང་ལས་དོན་བསྒྲུབ་པར་སྐུལ་སློང་བྱས་ཏེ། བོད་ལྗོངས་ཀྱི་རིག་རྩལ་ལས་དོན་དང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཀའི་རྣམ་པ་གསར་པ་སྔར་ལས་ཆེ་རུ་གཏོད་པ་སོགས་ཕྱོགས་གསུམ་གྱི་སྒོ་ནས་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ངོ40རིང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་བ་དང་། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྔར་ལས་དར་རྒྱས་ཆེ་བའི་མ་འོངས་པར་བསམ་གཞིགས་མཛད་ཡོད།
ལོ་ངོ40ཡི་རིང་རྒྱུད་འཛིན་དར་སྤེལ་བྱས་ཏེ། དུས་རབས་ཀྱི་འོད་སྣང་མངོན་པར་མཚོན་ཞིང་དུས་རབས་ཀྱི་སྙན་དབྱངས་ངག་ལ་གྱེར། ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་འགྱུར》ལས་དྲན་གསོའི་ཆེད་སྒྲིག་དུས་དེབ《དར་རྒྱས་ཆེ་བའི་དུས་རབས་སུ་མེ་ཏོག་རྣམ་པར་བཞད་པ》ཞེས་པ་བཏོན་པ་དང་། “ཤར་ཕྱོགས་རླུང་གིས་ས་མཐོའི་དཔྱིད་དཔལ་བསུ”ཞེས་པ་དང་། “སྐལ་བཟང་མེ་ཏོག་རྣམ་པར་བཞད།”“སྒྲོན་མེའི་འོད་ཀྱི་ཕྲེང་བས་ས་སྟེང་ཁྱབ།”“སྙན་འཇེབས་ལྡན་པའི་ལོ་ཟླ་བརྩེ་བས་ཁེངས།”“མ་འོངས་འབྱུང་འགྱུར་ལམ་ལ་རེ་བས་བརྟས།”ཞེས་པ་སོགས་དང་དེ་བཞིན་ཟུར་བཀོད་བཅས་ཁག6ལས་གྲུབ་ཅིང་། དྲན་གསོའི་རྩོམ་ཡིག་དང་རིག་རྩལ་མཁས་ཅན་ཁག་གི་མཐུན་ཚོགས་དང་ས་གནས་ཁག་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཁག་གི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ངོ40ཡི་རིང་བླངས་པའི་གྲུབ་འབྲས་བཀོད་ཡོད་པ་རེད། 《བོད་ལྗོངས་རྩོམ་རིག》གིས་ཆེད་སྒྲིག་དུས་དེབ་བཏོན་པ་སྟེ། ནང་དོན་བཅར་འདྲི་དང་། ཕྱོགས་བསྡུས་གླེང་མོལ། དྲན་པ། གྲུབ་འབྲས་འགྲེམས་སྟོན་བཅས་ཁག་བཞིར་བགོས་ཡོད། ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་གཙོ་བོར་བཅར་འདྲི་བྱས་ཡོད་པ་སྟེ། ཁོང་ཚོས་བོད་ལྗོངས་ཀྱི་རྒྱ་ཆེའི་རྩོམ་རིག་ལས་དོན་པས་ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་བརྒྱུད་དེ་སྤྱི་ཚོགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་དང་། རྩོམ་རིག་གསར་རྩོམ་མཐའ་འཁྱོངས། རྩོམ་རིག་གི་གཡུལ་ས་བརྟན་སྲུང་བཅས་བྱ་རྒྱུའི་རེ་བ་བཏོན་ཡོད། གཞན་ཡང་བོད་ལྗོངས་ཀྱི་རྩོམ་རིག་ལས་རིགས་ལ་ཐོབ་པའི“རྒྱལ་ཡོངས་ཕུལ་བྱུང་བརྩམས་སྒྲུང་ཐུང་གྲས་ཀྱི་བྱ་དགའ”དང་། “ལུའུ་ཞུན་རྩོམ་རིག་བྱ་དགའ།”“རྟ་མཆོག་བྱ་དགའ”“གཅིག་ཅན་ལྔའི་ལས་གྲྭའི་བྱ་དགའ།”“གཟི་བརྗིད་རིག་གནས་རྩོམ་རིག་བྱ་དགའ”“ཇོ་མོ་གླང་མའི་རིག་རྩལ་བྱ་དགའ།”“དུས་རབས་གསར་པའི་བོད་ལྗོངས་རྩོམ་རིག་བྱ་དགའ།”དང་ད་དུང་བྱ་དགའ་གཞན་དག་བཅས་ཕྱོགས་སྡོམ་བྱས་ཡོད་པ་རེད།