༄༅། །ཤར་བདུད་མཆོང་རྫོང་། ༼ གསུམ་པ། ༽

རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲྭ་ཚིགས། སྤེལ་དུས། 02-04



ལེའུ་གསུམ་པ། དབང་གི་ལས།

             གོང་མ་ལྷ་ཡི་ལུང་བསྟན་ལྟར། །ལྷ་སྲས་དགྲ་ལྷ་གསེར་ཁྲིར་བཀོད། །གཏེར་གྲོགས་དུང་སྨན་འོད་ལྡན་དང༌།།ལས་སྒྲོམ་དབང་གི་སྒྲོང་གཏེར་བཞེས། །དེའི་སྐབས་སུ་རྒྱལ་སྲས་དགྲ་ལྷ་རྩེ་རྒྱལ་གསེར་ཁྲིར་མངའ་གསོལ་བའི་མཛད་སྒོ་རུཿཤར་གླིང་ལྷ་རུ་ཚོ་དྲུགཿ ལྷ་སྡེ་དཀར་བོ་རྨ་དེལ་ཡག་སྟག་ཐང་ཁྲ་མོ་རུ་བསྡུ་དགོས་པས་བཀའ་རྒྱལ་མཆོག་སེང་ཆེན་ནས་ཕབསཿབང་ཆེན་ཕོ་ཉ་བཏང་སྟེ་མེ་ཕོ་འབྲུག་གི་ལོའི་དབྱར་ཟླ་ར་བ་ལཿ གླིང་ཆེ་འབྲིང་ཆུང་གསུམ་སོགསཿའདུུ་ར་སྟག་ཐང་ཁྲ་མོར་བསྡུས་ཏེཿ གཡས་ལ་ཉི་འབུམ་དམག་ཤོགཿ གསེར་ཕྱེ་ཐང་ལ་བརྡལ་འདྲཿ གཡོན་ལ་མི་རྐྱང་དམག་ཤོག་དུང་གི་ཟླ་བ་ཚེས་འདྲཿམདུན་ལ་འོམ་བུའི་དམག་ཤོགཿ སྐར་ཚོགས་དགོང་ལ་བཀྲ་འདྲཿ དཀྱིལ་སྒར་དུ་ལས་གུར་མཐོངབ་ཀུན་སྨོནཿགངས་ཀྱི་རི་བོ་ལ་ཉི་མ་འབུམ་གྱིས་མཁྱུད་པ་ལྟ་བུའི་ནང་ཿ གསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་དུཿསྐྱེས་མཆོག་སེང་ཆེན་མི་ཡི་ཉི་མ་ཁམས་གསུམ་དབང་དུ་བསྡུ་ཞིང་སྲིད་གསུམ་ཟིལ་གྱིས་གནོན་པར་བཞུགསཿ དེའི་མདུན་དུ་འབུམ་པའི་ལྷ་སྒར་ལྷ་ཚངས་པའི་དམག་སྒར་མི་ཡུལ་དུ་བབས་པ་ལྟར་བཞུགསཿསྒར་དེ་རྣམས་ཀྱི་གཡས་ཕྱོགས་སུཿ ཚ་ཞང་འདན་མའི་དམག་སྒརཿ སེང་ལ་གཡུ་རལ་རྒྱས་པ་ལྟ་བུཿ དགྲ་བཞི་ཟིལ་གྱིས་གནོན་ལེ་ཞིག་བྱས་ནས་བཞུགས་པ་ལཿདབུས་སུ་ལས་གུར་ནམ་མཁའ་མཐོང་སྨོན་གྱི་ནང་དུཿ ཚ་ཞང་འདན་མ་དང་དམག་དཔོན་འདན་སྲས་གཡུ་འོད་འབུམ་མེ་བཞུགསཿཡང་དམག་སྒར་དེའི་གཡོན་ཕྱོགས་སུ། འབྲུ་དཀར་ནག་ཁྲ་གསུམ་གྱི་ལས་དམག་ལྷོ་སྤྲིན་རླུང་གིས་བསྐྱོད་འདྲཿནགས་རི་ཆེན་པོར་གྲིབ་སོ་གུག་པ་ལྟ་བུའི་དབུས་སུ་ལས་གུར་མཐུ་ཆེན་མེ་རི་རང་འཁྱིལ་ལཿ དཔལ་གུར་གྱི་མགོན་པོའི་རྣམ་སྤྲུལ་དགའ་བདེ་བེར་ནག་དེ་བཞུགསཿསྒར་དེ་རྣམས་ཀྱི་མདུན་ཕྱོགས་སུ་སྟག་རོང་ཤོག་ཆེན་བཅོ་བརྒྱད་ཀྱི་ལས་དམག་དེ་ནགས་ལ་མེ་རི་འབར་འདྲ་འམཿནམ་མཁའི་གློག་དམར་ས་ལ་འཁྱུག་འདྲའི་དཀྱིལ་དུ་ལས་གུར་སྟག་རིས་ཀྱི་རི་མོ་བཀྲ་བའི་ནང་དུཿརྟ་མགྲིན་དམར་པོའི་སྤྲུལ་བ་སྟག་རོང་སྲིད་པའི་ཁྲོ་རྒྱལ་དང་ཿ དམག་དཔོན་ཆེན་པོ་གླིང་དཀར་བསྟན་པའི་ཡ་བདག་སྟག་རོང་དཔོན་པོ་གཟིག་འཕེན་ཧོར་གླིང་འཁྲུག་དུས་འདས་ཟིན་པ་འདྲ་མོད་འདིར་གསལ་བ་དཔྱད་པར་བྱ། འཕེན་ཏེཿ སྐུའི་ཆེ་བརྗོད་ལྷ་ཀླུ་སྡེ་བརྒྱད་ཡང་ཟིལ་གྱིས་གནོན་པ་ཞིག་བྱས་ནས་བཞུགསཿསྒར་དེ་རྣམས་ཀྱི་རྒྱབ་ཕྱོགས་སུཿ སྐྱ་ལོ་ཕྱུག་གི་སྡེ་བ་སྐྱ་ལོ་སྟོན་པ་རྒྱལ་མཚན་དང་རྒྱལ་མཚན་ཐོགས་པའི་མི་གསུམ་གྱི་ལས་སྒར་བཏབཿདེ་སྐབས་རྒྱ་གར་ནག་བལ་བོ་སྟག་གཟིག་སོགས་ཚོང་མགྲོན་བསམ་གྱིས་མི་ཁྱབ་པས་འདུ་སྒར་བཏབསཿདེའི་སྐབས་སུ་གླིང་དཀར་སྟོད་སྨད་བར་གསུམ་གྱི་ལྷ་སྲས་དགྲ་ལྷ་ཁྲི་འདོན་ལ་ལྟད་མོའི་ཁྲོམ་ཚོགས་རྒྱ་ཆེ་བ་འདུས་དུས་སུ་སྟག་ཟླའི་ཚེས་བཙོ་བརྒྱད་ལཿགསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་ཿ ཟ་འོག་ཁྲི་འབོལ་བརྩེགས་པའི་ཡང་སྟེང་དུ་རྨ་བྱའི་གདུགས་བཤམསཿ གླིང་དཀར་པཎ་གྲུབ་རྣམས་ཀྱིས་རྒྱ་གླིང་རོལ་མོ་དཀྲོལ་བཞིན་གླིང་དཀར་དགྲ་བླ་ཝེར་མ་རྣམས་ལ་བསང་དང་ཿགསེར་སྐྱེམས་མཆོད་དེ་གོང་མ་ལྷ་ལ་འཕྲིན་བཅོལ་གཏིང་རག་ཕུལཿ དར་འཕྱར་དུང་འབུད་བྱས་དེའི་སྐབས་སུ་གསེར་བའི་ཉི་འབུམ་དར་ཡག་དེ།དགུང་གི་ཁྲི་གདུགས་ཉི་མའི་གཟི་མདངས་ཟིལ་གྱིས་གནོན་པ་ཞིག་བྱསཿ འཁོར་གསུམ་དཔའ་ཆས་ཡོངས་སུ་རྫོགས་པར་བྱས་ཏེཿངང་བ་གསེར་སྒོང་ལ་བཅིབས་པའི་ངང་ཿ འབུམ་པའི་ལྷ་སྲས་དགྲ་ལྷ་ལ་དགྲ་ལྷའི་དཔའ་ཆས་སྣ་དགུ་ཡོངས་སུ་རྫོགས་པ་བྱསཿརྒྱ་བྱ་དཀར་པོའི་ཡང་སྟེང་དུ་བཅིབས་ཏེ་ཉི་འབུམ་གྱིས་ཆིབས་མཐུར་ནས་ཁྲིད་དེཿ དགའ་བདེ་དང་འདན་མ་སེང་སྟག་དར་འཕེན་དཔའ་ལྷ་སོགས་ཀྱི་འཁོར་གསུམ་སྐོར་ཞིང་དགྲ་བླའི་དཔའ་དར་དབྱིངས་སུ་ཕྱརཿདགྲ་ལྷའི་སྐུ་རྒྱབ་ནས་ཆིབས་པ་རྣམས་བཅིབས་ཏེཿ ལྷ་སྒར་ལ་སྐོར་བ་གསུམ་བྱས་ནས་ལས་གུར་མཐོང་བ་ཀུན་སྨོན་གྱི་མདུན་ནས་ཡར་ཕེབས་པ་དང་ཿསྤྱི་དཔོན་རོང་ཚ་སོགས་ཕ་ཁུ་རྣམས་དང་ཿདགའ་སྐྱ་ལོ་སེང་ལྕམ་འབྲུག་མོ་སོགས་མ་སྲི་རྣམས་བཅོ་ལྔའི་དཔའ་སར་ཟླ་བ་སོགས་གཅེས་ཕྲུག་རྣམས་དགའ་བའི་དར་ཕྱརཿསྐྱིད་པའི་ཉམས་ལྡནཿ ཀི་བསོ་ལྷ་རྒྱལ་ལོའི་སྒྲ་བསྒྲགས་ཕ་ཡབ་རྒྱ་ཚ་ཞལ་དཀར་ལྷ་ལས་བབས་པ་དང་ཿཁྱད་པར་དུ་སྐུ་རྗེ་སེང་ཆེན་རྒྱལ་བོས་དགྲ་བླའི་དཔའ་ཆས་ཤིགས་སེ་སྐུ་ཡར་བཞེངས་ནས་དར་མི་གཅིག་དར་སྣ་བཅུ་གསུམ་གྱི་མཇལ་དར་ཕུལ་ཏེཿ དཔའ་ཐུལ་རྣམས་ཆིབས་གོང་ནས་བབས་ཏེཿལྷ་སྲས་དགྲ་བླ་རྩེ་རྒྱལ་གསེར་ཁྲི་ལ་མངའ་གསོལ་ཞིང་ཿ དགའ་སྐྱིད་ལྷ་ཡི་བདེ་སྐྱིད་ལ་འགྲན་པའི་ངང་ཿཤར་ཕྱོགས་གངས་ཀྱི་རི་བོ་རྨར་ཁམས་གླིང་གི་ཡུལ་ལྷ་རྨ་རྒྱལ་སྤོམ་ར་དེ་ཡང་ཐུགས་སྤྲོ་བའི་ངང་ལྷོ་སྤྲིན་དཀར་བོའི་མདངས་འཁྱིལ་གྱི་ཀློང་ནས་དལ་གྱིས་བསྐྱོད་དེཿརྟ་ཕོ་ཁྱུང་གཤོག་རླུང་སྔོན་སྟེང་ཿ སྐུ་ལ་འཁོར་གསུམ་ཤུགས་སེཿ ཞལ་གླིང་གི་ལྷ་སྒར་ལ་དངོས་སུ་ཀུན་གྱི་མཐུན་སྣང་དུ་གྲུབ་པར་གཟིགསཿཀི་བསོ་ལྷ་རྒྱལ་ལོཿ འབུམ་པའི་དགྲ་ལྷ་དཀར་ཕྱོགས་བསྟན་པའི་དབུ་འཕང་མཐོཿ མགོན་ཨོ་རྒྱན་པདྨའི་འཕྲིན་ལས་འགྲུབཿཤར་གླིང་དཀར་ལྷ་ཡི་དཀྱིལ་འཁོར་གྱིཿ ཆོས་བསམ་དོན་དགུང་ལ་འགྲུབ་པ་ཡིནཿ གསུངས་ཏེ་ཕྱག་ནས་མེ་ཏོག་གི་ཆར་འབབ་བཞིནཿམཇའ་འོད་གཟི་མདངས་གླིང་དཀར་ཡུལ་གྲུ་ཀུན་ཏུ་ཤརཿ དེའི་སྐབས་སུ་སེང་ཆེན་ཡིད་བཞིན་དབང་གི་རྒྱལ་བོ་ཁོང་གི་ཕ་རོལ་ཟིལ་གནོན་ཡིད་བཞིན་དབང་གི་འཁོར་ལོ་སོགས་རྒྱལ་ཐམ་ཐེའུ་ཚེས་སོགས་ཕུལ་བ་དང་ཿགསེར་གྱི་རྒྱལ་སྲིད་སྣ་བདུན་སོགས་ཀྱི་མངའ་འབུལ་མཛད་དེཿ གེ་སར་རྒྱལ་བོས་དར་དཀར་བོ་སྲིད་དུ་རིང་བ་ཞིག་ཕྱག་ལ་བསྣམས་ཏེ་གླུ་འདི་བླངས་བར་གདའ་འོཿསྒྲུང་ཨ་ལ་ལ་མོ་ཨ་ལ་ལེནཿ མ་ཐ་ལ་གླུ་ཡི་ལེན་ལུགས་རེདཿ གནས་དཔལ་རི་མཁའ་འགྲོའི་འདུ་གླིང་ནསཿསྐྱབས་འགྱུར་མེད་པདྨ་ཐོད་ཕྲེང་རྩལཿ བདག་གུས་པས་གསོལ་འདེབས་བྱིན་གྱིས་རློབསཿ ཕོ་ང་དང་ང་ངོ་མ་ཤེས་ནཿགླིང་སེང་ཆེན་དམག་གི་རྒྱལ་བོ་ཟེརཿ ས་འདི་ཡི་ས་ངོ་མ་ཤེས་ནཿ འདུ་ར་སྟག་ཐང་ཁྲ་མོ་རེདཿཤར་རྨར་ཁམས་ལྷ་དམག་བརྒྱད་བཅུའི་དཔུང་ཿ འཁོར་ལས་དམག་ནམ་མཁའི་རྒྱུ་སྐར་ཚོགསཿབུ་སེང་ཆེན་གླུ་ལ་གསན་རོགས་ཞུཿགླིང་འབུམ་པ་རྒྱ་ཚའི་ལྷ་རྒྱུད་ལཿ དཔལ་པདྨ་ཀཱ་རའི་རྣམ་སྤྲུལ་དེཿ བུ་སྲས་མཆོག་དགྲ་ལྷ་རྩེ་རྒྱལ་རྩལཿཤར་གླིང་དཀར་བསྟན་པའི་བདག་པོ་ཡིནཿ དུས་དེ་རིང་ལྷ་ཚེས་བཟང་པོ་ལཿ གླིང་ལྷ་གུར་མཐོང་བ་ཀུན་སྨོན་ནང་ཿགོང་གསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་ཿ བུ་དགྲ་ལྷ་གླིང་བཞི་དབང་བསྒྱུར་བཞུགསཿ ཐོབ་དབང་ཐང་གསེར་གྱི་ཉི་མ་ཤརཿགླིང་ཆོས་སྲིད་བསྟན་པའི་ཟླ་བ་ཚེསཿ འཁོར་དཔའ་ཐུལ་སྐར་ཚོགས་མཐའ་ནས་རྒྱསཿ དུས་དེ་རིང་ཉི་མ་ཕྱིན་ཆད་ནསཿང་གེ་སར་དམག་གི་རྒྱལ་བོ་དང་ཿ བུ་དགྲ་ལྷ་རྩེ་རྒྱལ་ཁྱད་པར་མེདཿ ཤར་རྨར་ཁམས་གླིང་གི་རྒྱལ་བོ་ཡིནཿགོ་ཨེ་བྱུང་གླིང་དཀར་ཁྲ་མོའི་སྡེཿ གླིང་འདིར་ཚོགས་ཁྲོམ་གྱི་ཐུགས་ལ་ཞོགཿ གསུངས་པ་དང་གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ནསཿདར་དཀར་སྲིད་དུ་རིང་བ་ཞིག་དང་གསེར་གྱི་དོང་རྩེ་སོགས་ཕུལ་ཞིང་ཿ བཀྲ་ཤིས་ལྷ་རྒྱལ་ལོ་གསུངསཿཆེ་རྒྱུད་གསེར་བའི་ཉི་འབུམ་གྱིས་དམག་དར་གསེར་དར་གསེར་ཉ་རང་འཁྱིལཿ སྟག་རོང་ཁྲོ་ཐུང་གི་དམག་དར་ཁྲིམས་དར་སྲིད་པའི་མེ་ལྕེ་སྲས་དགྲ་ལྷའི་མདུན་དུ་བཞག་ནས་གླུ་འདི་ལྷ་རྟ་མགྲིན་དགྱེས་པའི་བཞད་སྒྲ་ལ་དྲངས་ནས་གསུངས་སོཿསྒྲུང་ཨ་ལ༴ མ་ཐ་ལ༴གནས་བྲག་དམར་མདུང་རྩེ་རིང་མོ་ནསཿ བཙན་རྒོད་ཐོགས་ལྷ་མེ་འབར་མཁྱེནཿ ངེད་སྟག་རོང་དམག་གི་དགྲ་ལྷ་མཛོདཿབདུད་ནག་ཕྱོགས་འདུལ་བའི་ཕོ་བྲང་ནསཿ དཔལ་འཇིགས་བྱེད་རྟ་མགྲིན་དམར་བོ་ཡིསཿ སྡང་དགྲ་བོ་འདུལ་བའི་ལས་གྲོགས་མཛོདཿས་འདི་ཡི་ས་ངོ་མ་ཤེས་ནཿ ལས་གུར་མཐོང་བ་ཀུན་སྨོན་ནང་ཿ གསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་ཿགོས་ཆེན་འབོལ་གདན་ཡང་སྟེང་དུཿ རྒྱབ་ཡོལ་གསེར་འབྲུག་ཁ་སྤྲོད་འགྱིང་ཿ གདུགས་རྨ་བྱ་སེར་བོའི་ཡང་སྟེང་དུཿགསེར་ཏོག་ཉི་མ་རང་ཤར་མཛེསཿ དུང་ཟླ་བ་འབུམ་ལས་ཞལ་མཛེས་པའིཿ སེང་དཀར་མོ་བརྒྱ་ཡི་འགྱིང་སྟབས་ཅནཿལྷ་ཚངས་པ་མི་ཡུལ་ཕེབས་འདྲ་བའིཿ གླིང་དཀར་བོའི་རྒྱལ་རྒྱུད་རིན་པོ་ཆེཿ ང་ཨ་ཁུའི་ཚ་བོ་དབང་ཐང་ཅནཿགླིང་རྒྱལ་བོ་དགྲ་ལྷ་རྩེ་རྒྱལ་མཆོགཿ དཔའ་འདན་མ་བྱང་ཁྲ་ལ་སོགས་པཿ མི་མིན་འཕྲུལ་གྱི་རང་གཟུགས་ལཿབདུད་མ་ལུས་བསྒྲལ་བའི་དཔའ་བོ་ཆེཿ གླིང་རྒྱལ་མཆོག་ནོར་བུ་དགྲ་འདུལ་རྩལཿ གཙོ་བྱས་པའི་དཔའ་ཐུལ་ཐམས་ཅད་ཀྱིསཿཁྲ་ཤིགས་སེ་ཁྲོ་ལུའི་གླུ་ལ་གསོནཿ ཕོ་ང་དང་ང་ངོ་མ་ཤེས་ནཿ གླིང་ཆེ་རྒྱུད་གསེར་གྱི་མཆོད་རྟེན་ལཿསྟག་དམར་པོ་འདྲ་བའི་དཔའ་ངར་ཅནཿ ཡིན་ངོ་མ་ཁྲོ་རྒྱལ་དེ་འདྲ་ཡིནཿ ལྷ་རྟ་མགྲིན་ཐུགས་ཀྱི་ཧྲིཿཡིག་ལསཿ བདུད་ནག་པོ་འདུལ་ཕྱིར་འཁྲུངས་པ་ཡིནཿ དུས་དེ་ནས་ཨ་ཁུའི་དགྲ་ལྷ་བུཿ གདོང་ཆེ་རྒྱུད་སྲིད་པའི་གངས་རི་ནསཿསེང་དཀར་མོ་འདྲ་བའི་ཁྲོ་ཐུང་ངསཿ གླིང་ཆེ་རྒྱུད་ཤོག་ཁ་བཅོ་བརྒྱད་ནསཿ ཆེ་རྒྱུད་གསེར་བའི་དམག་དར་ལཿགསེར་དར་གསེར་ཉ་རང་འཁྱིལ་དང་ཿ སྟག་རོང་དཔོན་གྱི་དམག་དར་ལཿ ཁྲིམས་དར་སྲིད་པའི་མེ་ལྕེ་སོགསཿམཆོང་ཁྲ་བོའི་ཁྲིམས་ཀྱི་ཐམ་ག་དང་ཿ གདོང་གསེར་བའི་ཉི་འབུམ་ལྷ་ཞལ་གཙོསཿ དཔོན་ཆེན་པོ་ཉ་ཚ་ཨ་བསྟན་དང་ཿརྟ་འདོ་བ་གཡུ་བྱ་ཁྱུང་སྔོན་དང་ཿགླིང་ཆེ་རྒྱུད་དམག་གི་སྒྲིག་ཁྲིམས་ཀྱིསཿདཔོན་དགྲ་ལྷའི་བདག་གིར་བཞེས་ནས་ཀྱང་ཿཕྱོགས་ཀུན་གྱི་དགྲ་དཔུང་འདུལ་བའི་དུསཿདཔའ་དགྲ་ལྷའི་ཅི་གསུང་དང་ལེན་ཞུཿ རྨ་སྤོམ་རའི་ནུབ་ཕྱོགས་དབང་གི་དལཿ ཟངས་ལུང་མེ་འབར་ཀློང་དཀྱིལ་དུཿགཏེར་བདག་བཀའ་ཡི་སྲུང་མ་ལཿ གསེར་མདོག་ལྷ་མོ་ཁྱུང་བཞོན་མསཿ ཡི་དམ་རྟ་མགྲིན་དམར་བོ་ཡིསཿཕུར་བུ་མེ་འོད་འབར་བ་རྩལཿ གླིང་སྲས་དགྲ་ལྷའི་ཕྱག་ཏུ་འབུལཿ ནག་ཕྱོགས་བདུད་དང་འཐབ་པའི་ཚེཿསྐུ་ཡི་རྐྱེན་སེལ་སྲུང་བའི་མཆོགཿ སྔོན་ཚེ་པདྨ་ཀ་ར་ཡིས་ལསཿསྨོན་ལམ་གཏད་རྒྱས་གནང་ལེ་ཡིནཿམི་གཞི་ལྷ་ལས་བཟང་ལེ་བཿ མི་ཁོག་རྒྱ་མཚོའི་ཁྱོན་ལས་གྲུབཿ མཁྱེན་དཔྱོད་ཉི་ཟླ་ལས་ཀྱང་གསལཿགླིང་དཀར་རྒྱལ་མཆོག་དགྲ་ལྷ་རྩལཿ ང་ཁུ་བོ་རྟ་མགྲིན་དམར་བོ་ཡིསཿ ལྷའི་སྲུང་བ་ཐུགས་ཀྱི་དཀྱིལ་དུུ་བཅངསཿརྐྱེན་བར་ཆད་ཀུན་གྲོལ་སྨོན་ལམ་གདབཿ གླིང་རྒྱལ་བུ་དགྲ་ལྷའི་ཐུགས་ལ་ཞོགཿ ཟེར་ནས་འབུལ་བ་རྣམས་ཕུལ་ཞིང་གུས་འདུད་ཚད་མེད་བྱས་ཚེཿ ཆུང་རྒྱུད་གླིང་གི་རྒྱལ་ཕྲུག་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ནསཿཁྲིམས་དར་ཟླ་བ་རང་ཤར་དེ་ཁྲོ་ཐུང་ལ་གནང་ནསཿ སེང་དཀར་མོའི་གཡུ་རལ་བསིག་པ་བཞིནཿ ཕྱོགས་སྡེར་ཆགས་ཟིལ་གྱིས་གནོན་ལེཿལྷ་དཔའ་བོ་རྒྱས་པའི་རང་སྒྲ་ལ་དྲངས་དེཿ གླུ་འདི་གསུངས་སོཿ སྒྲུང་ཨ་ལ༴ མ་ཐ་ལ༴ ལྷ་རྩ་གསུམ་རྒྱལ་བ་འདུས་པ་དངོསཿམགོན་སེང་ཆེན་ཡིད་བཞིན་ནོར་བུ་མཁྱེནཿསྡང་དགྲ་བོ་འདུལ་ལ་གླིང་དཀར་སྐྱོང་ཿ ས་འདིའི་ས་ངོ་མ་ཤེས་ནཿལས་གུར་མཐོང་སྨོན་ཀུན་སྐྱིད་ནང་ཿ འཇའ་སྣ་ལྔ་འོད་ཀྱི་ལྡིང་ཁང་ནསཿ མ་མཁའ་འགྲོའི་ཉི་ཟེར་རྡུལ་བཞིན་འདུཿདངོས་རྩ་གསུམ་དགྲ་བླའི་འདུ་ར་ནསཿ ཕོ་ང་དང་ང་ངོ་མ་ཤེས་ནཿ རྗེ་སེང་ཆེན་རྒྱལ་བོའི་སྐུ་ཚ་ལཿདཔའ་འབུམ་པའི་རྒྱལ་རྒྱུད་ལྷ་ཡི་བུཿ ཤར་གླིང་དཀར་སྟོད་ཀྱི་སེང་གཅིག་བུཿ ཕྱོགས་དགྲ་བཞིའི་ཁ་གནོན་དབང་ཐང་ཅནཿདཔའ་འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཟེརཿདཔལ་རྟ་མགྲིན་ཐུགས་སྤྲུལ་ཁྲོ་ལུ་བུཿ ངེད་འབུམ་པའི་རྒྱལ་རྒྱུད་འདི་ཉིད་ཀྱིཿཁྲིམས་དར་ཟླ་བ་རང་ཤར་འདིཿ རྟ་མགྲིན་སྤྲུལ་བ་ཁྲོ་རྒྱལ་དང་ཿ གླིང་དཔོན་ཆེན་ཉི་མ་རང་ཤར་གཙོའིཿགླིང་ཆོས་སྲིད་དར་བའི་རྟེན་འབྲེལ་དུཿ གླིང་དགྲ་ལྷ་ང་ཡིས་ཕྱག་གིས་གནང་ཿ མི་མ་ཡིན་ལྷ་ཡི་སྤྲུལ་བ་ལཿདཔལ་རྟ་མགྲིན་ཁྲོས་པའི་ང་རྒྱལ་ཅནཿ ཐུགས་འོད་གསལ་ལྷ་ཡི་དཀྱིལ་འཁོར་དུཿ མི་འདོར་བྱིན་རླབས་སྲུང་བ་ཞུཿདཔོན་ཁྲོ་ལུའི་ཐུགས་ལ་དེ་ལྟར་ཞོགཿ ཅེས་གསུངས་ནས་ཁྲིམས་དར་དེ་ཁྲོ་རྒྱལ་ལ་གནང་ཿ དེར་དཔའ་རྒྱ་ཚ་ཞལ་ལུ་དཀར་བོ་ཡར་བཞེངས་ནསཿཞལ་དཀར་བོའི་རྩེ་གླུ་རྒྱང་གྲགས་ལ་དྲངས་ཏེ་གླུ་འདི་གསུངས་སོཿ སྒྲུང་ཨ་ལཿ མ་ཐ་ལཿ གནས་མི་འགྱུར་ཆོས་སྐུའི་ཞིང་ཁམས་ནསཿདཔལ་ལྷ་ཆེན་ཚངས་པ་དཀར་བོ་མཁྱེནཿ ས་འདིའི་ས་ངོ་མ་ཤེས་ནཿ ལས་གུར་མཐོང་སྨོན་ཀུན་སྐྱིད་རེདཿང་དང་ང་ངོ་མ་ཤེས་ནཿ ཤར་གླིང་དཀར་ཡུལ་གྱི་མངའ་བདག་ལཿ གདོང་མི་འགྱུར་ཞལ་ལུ་དཀར་བོ་ཡིནཿགླིང་སེང་ཆེན་རྒྱལ་བོའི་གཙོ་བྱས་པའིཿ འཁོར་དཔའ་ཐུལ་ལས་དམག་ཚུར་གསོན་དང་ཿ ངའི་བུ་ཆུང་དགྲ་ལྷ་རྩེ་རྒྱལ་འདིཿསྐུ་འཁྲུངས་དུས་ལྷ་ཕྲུག་དཀར་བོ་ལཿ དགུང་མཐོང་སྨོན་དག་པའི་མཁའ་ཀློང་ནསཿམཇའ་སྣ་ལྔའི་ཟེར་ཐག་རྐྱང་བའི་ཀློང་ཿདཔལ་པདྨ་ཀཱ་རའི་ཞལ་གཟིགས་ནསཿ གསེར་རྡོ་རྗེ་རྩེ་ལྔ་དངོས་སུ་གནང་ཿ བུ་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་འདིཿརྗེ་གུ་རུ་ཉིང་ཀྱི་རྣམ་སྤྲུལ་ཡིནཿ རྫོང་བཅོ་བརྒྱད་གཏེར་གྱི་བདག་པོ་དང་ཿ ཤར་གླིང་དཀར་ལས་རླུང་དབང་ཐང་བདགཿགླིང་དཀར་པོའི་བསམ་དོན་འགྲུབ་པར་གསུངསཿ དུས་དེ་རིང་དཔལ་གྱི་ཉི་མ་ལཿ སྲས་ཆུང་དགྲ་ལྷ་རྩེ་རྒྱལ་འདིཿམི་འགྱུར་གསེར་ཁྲིར་འཁོད་པའི་ཚེཿ ང་རྒྱ་ཚ་ལྷ་བབས་བྱས་པ་ཡིན། །དཀར་བོ་གླིང་གི་ལྷ་སྡེ་ཡིསཿཀུན་གྱིས་དགའ་སྐྱིད་རྒྱས་པའི་ངང་ཿདགྲ་ལྷའི་དབང་གཏེར་ལེན་པ་ལ། །གོང་སྨན་ཚེ་འཛིན་རྒྱལ་མོ་ཡིས། །སྤྲུལ་བ་རྫུས་སྐྱེས་མཁའ་འགྲོ་ཞིག།ལུས་ཀྱི་གྲོགས་སུ་བསུ་བར་མཛོད། །རྟེན་འབྲེལ་ཆེན་པོའི་ངང་ཉིད་དུཿ ལྷ་གསོལ་གླུ་ལེན་གར་བསྒྱུར་བྱོསཿདགྲ་བླ་ཝེར་མ་དགྱེས་པ་དང་ཿ མཁའ་འགྲོ་འབུམ་གྱི་ཞལ་གཟིགས་ངང་ཿ གླིང་དཔའ་ཐུལ་མ་སྲུ་དགའ་བའི་ངང་ཿཇ་ཆང་བདུད་རྩིའི་ཚོགས་ལ་རོལཿ གླུ་གོ་ན༴ མ་གོ་གླུ༴ཞེས་བླངས་ནས་ཕ་རྒྱ་ཚའི་ལྷ་ལུས་མི་མངོན་པར་བསྡུས་སོ།།སྲི་འབྲུག་མོ་སོགས་ནས་ཇ་འདྲེན་ཆང་འདྲེན་བྱས་པའི་ངང་འབུམ་བའི་དགྲ་ལྷ་ནས་སྐུ་ལུས་བཅོ་ལྔའི་ཟླ་བ་སྤྲིན་ལས་གྲོལ་བ་བཞིན་གླིང་དམག་རྣམས་ལ་དགྲ་ལྷའི་བརྩེ་གླུ་དཀར་མོའི་ངག་རྟ་ལ་དྲངས་ནས་གླུ་འདི་གསུངས་སོཿསྒྲུང་ཨ་ལ་ལ་མོ་ཨ་ལ་ལེནཿ མ་ཐ་ལ་གླུ་ཡི་ལེན་ལུགས་རེདཿ གནས་མི་འགྱུར་ཤར་ཕྱོགས་གངས་དཀར་ནསཿལྷ་མཐུ་ཆེན་དབང་ཕྱུག་སྤོམ་ར་རྩལཿ བུ་དགྲ་ལྷའི་ངག་ལ་འགུགས་རོགས་མཛོདཿ དཔའ་དགྲ་ལྷ་འབུམ་གྱི་མཐུ་བྱིན་སྩོལཿཕོ་ང་དང་ང་ངོ་མ་ཤེས་ནཿ གླིང་དཀར་པོ་བསྟན་པའི་ཁྲི་འཛིན་ལཿ མིང་འབོད་ན་དགྲ་ལྷ་རྩེ་རྒྱལ་ཟེརཿགླིང་སེང་ཆེན་དགྲ་བླའི་རྒྱལ་བོ་དང་ཿ འཁོར་དཔའ་ཐུལ་ཕུ་ནུའི་ཚོགས་རྣམས་ཀྱིསཿ བུ་དགྲ་ལྷ་རྩེ་རྒྱལ་ང་ལ་གསོནཿཤར་གླིང་དཀར་ལྷ་དམག་ཁྲ་མོ་འདིཿ བདུད་ནག་པོ་འབུམ་གྱི་ཁ་གནོན་ཡིནཿ ལྷ་གོང་མའི་རྒྱལ་མཚན་མཐོར་འདེགས་བྱེདཿབུ་གེ་སར་གོང་མ་ལྷ་ནས་བཀོདཿ ལྷའི་ལུང་བསྟན་གླིང་ལ་ནམ་བྱུང་ལཿ གླིང་དཔའ་ཐུལ་དཔའ་བོ་ཚོགས་རྣམས་ཀྱིསཿབདུད་ནག་པོ་འདུལ་བའི་གཤེར་བཞེངས་ནསཿ དགྲ་གདུག་པའི་གཉའ་གནོན་ཡོང་ངེས་བྱེདཿ དུས་དེ་རིང་ལྷ་ཚེས་བཟང་པོ་ལཿདགྲ་ནག་པོ་འདུལ་བའི་རྟེན་འབྲེལ་འགྲིགཿ ཤར་རྨ་གླིང་ལྷ་རྒྱལ་སྤོམ་ར་རྩལཿ ཞལ་དངོས་སུ་གླིང་དཀར་སྟོད་ལ་གཟིགསཿགླིང་དགྲ་བཞིའི་གཡུལ་ལས་རྒྱལ་ལོ་གསུངསཿ ཉམས་དགའ་འོ་སྐྱིད་དོ་གླིང་དཀར་སྡེཿ ཤར་རྨར་ཁམས་སྐྱིད་པའི་རྟེན་འབྲེལ་འགྲིགསཿཕ་རྒྱ་ཚའི་ཞལ་གསུང་ཐུགས་བཀོད་ལྟརཿགླིང་དཔའ་ཐུལ་ཁྲ་མོར་ཞུ་རྒྱུ་ལ་ཿབདག་དགྲ་ལྷའི་བརྩེ་གྲོགས་ལས་འབྲེལ་ཅནཿགནས་ཤར་རྒྱལ་མཚོ་ལས་འཁྲུངས་སྲས་མཿམ་ཚེ་འཛིན་གྲུབ་པའི་རྒྱལ་མོ་དང་ཿཤར་རྡོ་རྗེ་མཁའ་འགྲོའི་རྣམ་སྤྲུལ་ལཿགཏེར་དབང་སྒོ་འབྱེད་ཕོ་ཉ་མོཿམཚན་དུང་སྨན་འོད་ལྡན་ལས་གྱི་གྲོགསཿཡང་གླིང་དཀར་སྟོད་ལ་འབྱོར་ངེས་དགོསཿ དེ་མ་ལྡན་དབང་གཏེར་ལོན་པ་དཀའཿ མགོན་ཨོ་རྒྱན་པདྨ་ཀཱ་ར་ཡིསཿརྐྱེན་བར་ཆད་སྒྲོལ་བའི་ཕོ་ཉར་མངགསཿ གླིང་བློན་ཆེན་འདན་མ་བྱང་ཁྲ་དང་ཿ སྒོས་བློན་མངོན་ཤེས་ལྷའུ་ལྡེམཿདཔའ་ཐུལ་དཔའ་བོ་བཅུ་ཕྲག་གིསཿ ཤར་ནམ་མཁའ་ཁྲི་ཡི་རྒྱལ་བོ་ལཿ གསེར་སེར་བོ་སྒམ་དང་ཆས་ཀ་བསྒྲིགསཿགདུགས་རྟ་དར་བཅུ་གསུམ་ཞུ་རྟེན་དང་ཿ དོན་ཡིན་ལུགས་གཏམ་གྱི་འབྲས་བུ་ཕུལཿ ཤར་དུང་སྨན་རྒྱལ་མོ་྄འོད་ལྡན་མཿགནས་འདི་རུ་འབྱོར་ན་རྟེན་འབྲེལ་འགྲིགཿ དོན་ཡང་དག་འདིར་ཚོགས་ཐུགས་ལ་ཞོགཿ གསུངས་ནསཿ གླིང་དཔའ་ཐུལ་རྣམས་ཀྱིས་ཆས་ཀུན་མྱུར་ཏུ་བསགས་ཏེཿབློན་ཆེན་འདན་མ་དང་མངོན་ཤེས་ལྷའུ་ལྡེམ་པ་ལཿ དཔའ་བོ་བཅུ་ཕྲག་གིས་བསྐོར་ནསཿ ཉིན་མཚན་བར་མེད་དུ་ཤར་ཁྲི་རོང་རྒྱལ་ཁབ་དུ་སླེབས་ནསཿརྒྱལ་བོ་ནམ་མཁའ་ཁྲི་བསྒྱུར་གྱི་ཕོ་བྲང་རིན་ཆེན་གསེར་རྫོང་སྨུག་པོར་ཕེབས་ཏེཿ གསེར་སྒམ་དར་ཟབ་ཀྱི་མངའ་འབུལ་བྱས་ཏེཿཚ་ཞང་ནས་གླུ་འདི་ཕུལ་ལོཿ སྒྲུང་ཨ་ལ་ལ་མོ༴ མ་ཐ་ལ་གླུ༴ གནས་ཤར་གླིང་དག་པའི་དཀྱིལ་འཁོར་ནསཿམགོན་སེང་ཆེན་དགྲ་ལྷའི་རྒྱལ་བོ་མཁྱེནཿ ས་འདི་ཡི་ས་ངོ་མ་ཤེས་ནཿ ཤར་ཁྲི་རོང་གསེར་མཁར་སྨུག་པོ་རྫོང་ཿདཔོན་ནམ་མཁའ་འཁྲིལ་རྒྱལ་མདུན་དྲུང་རེདཿཕོ་ང་དང་ང་ངོ་མ་ཤེས་ནཿ གླིང་བཀའ་བློན་འདན་མ་བྱང་ཁྲ་ཡིནཿ དོན་ཡང་དག་གཏམ་གྱི་འབྲས་བུུ་ལཿཤར་མཐོང་སྨོན་དག་པའི་ཞིང་ཁམས་ནསཿ གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལཿ གླིང་གསེར་ཁྲིར་མངའ་གསོལ་རྒྱལ་བོར་བཀོདཿདཔལ་པདྨ་ཀཱ་རའི་དངོས་སྤྲུལ་ཡིནཿ ཤར་གླིང་དཀར་དམག་གི་བཀའ་བློན་ཡིནཿ ཁྱོད་རྒྱལ་བོ་ནམ་མཁའ་ཁྲི་རྒྱལ་ལཿགསེར་སེར་བོའི་གསེར་སྒམ་བཅུ་ཕྲག་དང་ཿ དར་ཟབ་གོས་ཕྲུག་ལ་སོགས་པཿ བཅུ་ཚན་བཅུ་ཡི་འབུལ་བ་འབུལཿགླིང་དགྲ་ལྷ་རྩེ་རྒྱལ་ཁོང་གིས་བསྐུརཿ གཏམ་ཞུ་བ་དོན་གྱི་འབྲས་བུ་ལཿ སྲས་མོ་དུང་སྨན་འོད་ལྡན་སྒྲོནཿཤར་རྨར་ཁམས་གླིང་ལ་མ་འབྱོར་ནཿ རྐྱེན་བར་ཆད་ཆག་སྒོ་ཆེའོ་གསུངསཿ བདག་བློན་ཆེན་དཔའ་བོ་བཅུ་ཕྲག་མངགསཿགླིང་རྨ་ཁམས་ལྷ་ཡི་དཀྱིལ་འཁོར་ནསཿ གླིང་ལྷ་སྲས་དུང་གི་ཟླ་བ་ལཿ རྐྱེན་བར་ཆད་བཟློག་ཕྱིར་མངགས་པར་ཞུཿམ་གནང་གེ་སར་དམག་དཔུང་གིསཿབཙན་འཕྲོག་བྱས་ན་མི་ལེགས་ཏེཿཁྱེད་ནམ་མཁའ་ཁྲི་རྒྱལ་ཐུགས་ལ་ཞོགཿཅེས་གསུངས་ཚེ་ནམ་མཁའ་ཁྲི་རྒྱལ་ནསཿ འོ་ལེགས་སོཿ དུང་སྨན་འོད་ལྡན་སྒྲོལ་འདི་མངལ་སྐྱེས་མ་ཡིན་རྫུས་སྐྱེས་ཡིནཿམདངས་ལྡན་སིདྡྷིའི་འོད་མཚོའི་ཀློང་དཀྱིལ་ནསཿ དྲི་མེད་པདྨ་བཞད་པའི་སྟེང་དུ་རིག་པ་ཐོལ་སྐྱེས་ཀྱི་སྐུར་བཞེངས་པསཿ དབང་ཆེན་སྤྲེལ་གྱི་ལོ་ལ་འཁྲུངས་པ་ཡིནཿ ཁྲི་རོང་འདི་རུ་ལོ་བཅུ་ཕྲག་བཞུགས་ནས་ཆོས་སྲིད་གཉིས་ཀ་བསྐྱངསཿམ་ཚེ་འཛིན་གྲུབ་པའི་རྒྱལ་མོ་དང་ཿ ཤར་རྡོ་རྗེ་མཁའ་འགྲོའི་རྣམ་སྤྲུལ་ཟེརཿ བདག་རྒྱལ་བོའི་བུ་སྐལ་ཡིན་ན་ཡང་ཿཤར་རྨ་ཁམས་གྲུབ་ཆེན་བརྒྱད་བཅུའི་ཚོགསཿ གླིང་ལྷ་སྲས་པདྨ་ཀཱ་རའི་སྤྲུལཿ རྐྱེན་ཕྱི་ནང་གསང་གསུམ་བདུད་བཟློག་ཕྱིརཿའགོར་མི་རུང་མྱུར་དུ་འགྲོ་རྒྱུ་གྱིསཿ ཞེས་གསུངསཿ དུང་སྨན་འོད་ལྡན་སྒྲོལ་མ་ལཿ རྫོང་བ་རིན་ཆེན་ཡིད་བཞིན་དབང་གི་རྒྱལ་བོ་དང་གཞན་ནོར་བུ་གཅེས་ནོར་བཅུ་གསུམ་གནང་སྟེཿ ཡང་ཡང་ཐུགས་རྗེའི་གཟིགས་པར་ཞུ་ཞུས་ནས་ལམ་དུ་བཞུད་ཚེཿ ལྷ་བསངས་དང་གསོལ་འདེབས་ཡང་ཡང་བྱས་སོཿདེར་ཁོང་རྣམས་ཉིན་མཚན་བར་མེད་དུ་རྨ་ཁམས་ལྷ་གླིང་དག་པའི་ཕོ་བྲང་གླིང་གི་འབུམ་སྒར་ཁྲ་མོ་ཚོགས་པའིཿ རྨ་དེ་ཡག་སྟག་ཐང་ཁྲ་མོར་སླེབས་ཏེཿགླིང་པ་རྣམས་བློན་ཆེན་འདན་མ་འཁོར་བཅས་སླེབས་པ་མཐོང་བས་དར་ཕྱར་དུང་འབུད་བྱས་ཏེཿ ཆིབས་བསུ་མཛད་དེ་ཐོན་ནས་གྲལ་ལ་འཁོད་དེ་གསུང་གླེང་ཞིབ་རྒྱས་ངང་བཞུགས་སྐབསཿདུང་སྨན་མཁའ་འགྲོའི་རྣམ་སྤྲུལ་དེ་ཡར་བཞེངས་ནསཿ སྤྱན་ནམ་མཁའ་ལ་ཧྲིག་གེར་གཟིགས་པས་དགུང་སྔོན་དག་པའི་དབྱིངས་ནས་དྲི་མེད་ཤེལ་དཀར་གྱི་བུམ་པ་རྨ་བྱའི་སྒྲོ་ལྡན་དང་ཿམདའ་དར་དཀར་བོ་ཞིག་ཕྱག་ཏུ་བབས་པ་དང་ཆབས་ཅིག་གླུ་འདི་གསུངས་སོཿ སྒྲུང་ཨ་ལ་ལ་མོ༴ མ་ཐ་ལ་གླུ་ཡི༴གནས་མི་མངོན་མཁའ་འགྲོའི་གླིང་མཆོག་ནསཿ སྐྱབས་འགྱུར་མེད་ཚེ་བདག་པདྨ་འབྱུང་ཿ འཁོར་ཚོགས་མཁའ་འགྲོ་འབུམ་གྱིས་སྐོརཿགནས་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ གནས་ཤར་ལྷོ་ནུབ་བྱང་དབུས་ལྔ་ནསཿ མ་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལཿའཁོར་མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོརཿ གནས་འདི་རུ་སྤྱན་འདྲེན་གཤེགས་སུ་གསོལཿ དཔལ་ཨོ་རྒྱན་པདྨ་ཀཱ་ར་ཡིསཿབདག་མངགས་པས་ལས་དོན་འགྲུབ་པར་ཤོགཿ དབྱིངས་མཁའ་དབྱིངས་དག་པའི་དཀྱིལ་འཁོར་ནསཿ མ་གྲུབ་པའི་རྒྱལ་མོའི་ཚེ་ཆང་འབྱོརཿགནས་དཔལ་རི་མཁའ་འགྲོའི་གླིང་མཆོག་ནསཿ མ་ཡེ་ཤེས་མཚོ་རྒྱལ་ཚེ་མདའ་འབྱོརཿ དུས་དེ་རིང་གླིང་དཀར་ལྷ་དམག་ནང་ཿམི་ང་དང་ང་ངོ་མ་ཤེས་ནཿམ་ཚེ་འཛིན་གྲུབ་པའི་རྒྱལ་མོ་དང་༔ ཤར་རྡོ་རྗེ་མཁའ་འགྲོའི་རྣམ་སྤྲུལ་ལ༔ ཤར་དུང་སྨན་འོད་ལྡན་སྒྲོལ་མ་ཡིན༔ས་འདི་ཡི་ས་ངོ་མ་ཤེས་ན༔ འདུ་ར་སྟག་ཐང་ཁྲ་མོ་རུ༔ དཔོན་གེ་སར་དམག་གི་རྒྱལ་བོ་དང་ཿ དཔའ་འབུམ་པའི་དགྲ་ལྷ་རྩེ་རྒྱལ་དང་ཿདཔའ་བློན་ཆེན་འདན་མ་བྱང་ཁྲ་སོགསཿ མ་རག་བཟའ་དགེ་འཚོ་ལ་སོགས་པཿ ངས་འཆི་མེད་ཚེ་ཆང་སིལ་མ་དྲངསཿདཔལ་འཆི་མེད་སྲོག་ལ་དབང་ཐོབ་ཤོགཿ ངས་ཚེ་མདའ་དཀར་པོ་ཕྱོགས་བཅུར་གཡུགཿ དཔལ་འཆི་མེད་ཚེ་གཡང་ད་ལ་ལཿགླིང་ལྷ་སྲས་དགྲ་ལྷས་གཙོ་བྱས་པའིཿ མ་རག་བཟའ་དགེ་མཚོ་ལ་སོགས་པཿ གླིང་བློན་ཆེན་འདན་མ་བྱང་ཁྲ་གཙོསཿའཆི་མེད་ཀྱི་རིག་འཛིན་མྱུར་ཐོབ་ནསཿ ཆོས་དཀར་བོའི་བསྟན་པ་དར་བར་ཤོགཿ བོད་དབུ་ནག་བདེ་སྐྱིད་འཛོམས་པར་ཤོགཿཅེས་གསུངས་ནསཿ དཔོན་དགྲ་ལྷའི་གཙོས་ཚེ་ཆང་གི་གསོལ་བ་ཕུལ་ནས་མདའ་དར་གཡུགས་པས་གླིང་དཀར་དེར་བཞུགས་ཐམས་ཅད་ལ་འཆི་བ་མེད་པའི་རིག་འཛིན་ཐོབ་པར་གྱུར་ཏོཿ དེའི་སྐབས་སུ་དགུང་སྔོན་འོད་གསལ་ཡེ་ཤེས་དག་པའི་དྲྭ་ཟུར་མཁའ་དབྱིངས་མི་ཤིགས་སྟོང་གསལ་དོན་གྱི་གཞལ་ཡས་ནསཿསྟོང་རིམ་བཅུ་གསུམ་རྡོ་རྗེའི་རྭ་བ་རུ་མ་ཅིག་གོང་སྨན་འོད་གསལ་དོན་གྱི་ལྷ་མོ་དེསཿ ལྷོ་སྤྲིན་དཀར་བོའི་ཀློང་ནས་དར་དཀར་ན་བཟའ་གསེར་གྱི་རྒྱན་བཅས་རིན་ཆེན་ནོར་བུའི་དོ་ཤལ་སྤྲས་དེཿཨུ་རྒྱན་པདྨ་འབྱུང་གནས་ལ་གྲུབ་ཆེན་བརྒྱད་ཅུའི་བསྐལ་བ་དང་བཅས་པའི་ཞལ་གླིང་སྒར་ཁྲ་མོ་འབུམ་པའི་དགྲ་ལྷར་གཟིགས་ཏེཿམདུན་གྱི་བར་སྣང་དུ་ཐོལ་གྱིས་བྱོན་དེ་འོད་དཀར་གྱི་ཟེར་མ་འབུམ་པའི་སྲས་ཆུང་དགྲ་ལྷར་ཐིམ་པའི་སྐབས་སུཿམ་ཅིག་གུང་སྨན་སྲིད་པའི་རྒྱལ་མོས་མཁའ་འགྲོའི་བརྡ་གླུ་འོད་གསལ་འཁྱོལ་བའི་ངག་རྟ་ལ་དྲངས་ཏེ་གསུངས་སོཿསྒྲུང་ཨ་ལ༴ མ་ཐ་ལ༴ གནས་མི་ཤིགས་རྒྱ་གར་རྡོ་རྗེ་ལྡནཿ དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལཿ འཁོར་ཉན་རང་དགྲ་བཅོམ་ཚོགས་ཀྱིས་བསྐོརཿབཀའ་དག་པའི་ཆོས་ལ་གསོལ་བ་འདེབསཿ ས་འདི་ཡི་ས་ངོ་མ་ཤེས་ནཿ གནས་མཁའ་དབྱིངས་སྤྲིན་དཀར་ཕྱུག་མོའི་ཀློང་ཿམ་མཁའ་འགྲོ་འབུམ་གྱི་ཚོགས་གྲལ་རེདཿམ་ང་དང་ང་ངོ་མ་ཤེས་ནཿ མ་གུང་སྨན་སྲིད་པའི་རྒྱལ་མོ་ཟེརཿ ཤར་གླིང་དཀར་ཁྲ་མོ་གཞི་དཀྱིལ་ནསཿབུ་མ་ཡེངས་དགྲ་ལྷ་རྩེ་རྒྱལ་གསོནཿ མགོན་པདྨ་ཀཱ་རའི་རྣམ་སྤྲུལ་ཁྱེདཿ དཔལ་གྲུབ་ཆེན་བརྒྱད་བཅུའི་འཁོར་དང་བཅསཿཡུལ་མདོ་སྨད་གླིང་དཀར་ས་ལ་འཁྲུངསཿ བདུད་ནག་བོ་འབུམ་གྱི་ཁ་གནོན་དུཿ ལྷ་གུང་མས་མངགས་པ་དོན་དང་ལྡནཿཁྱེད་གནམ་ལྕགས་འབར་བའི་སྒྲུབ་གནས་སུཿ དཔལ་དགྲ་ལྷའི་གཉན་སྟག་དམར་པོ་ཡིསཿ ལས་སྒྲུབ་ཀྱི་གཏེར་སྒྲོམ་ཟབ་མོ་ཡོདཿསང་ཉིན་གྱི་ཉི་མ་རྩེ་ཤར་ལཿ དཔའ་འདན་མ་གྲུབ་ཐོབ་འཕྲུལ་གྱི་བློནཿ གདོང་གསེར་བ་དཔོན་གྱི་ལྷ་དར་དང་ཿསྔགས་མཐུ་གྲུབ་དགའ་བདེའི་བེར་ནག་གསུམཿ མ་ཅིག་རྡོ་རྗེའི་མཁའ་འགྲོའི་སྤྲུལཿ དུང་སྨན་འོད་ལྡན་སྒྲོལ་མ་བཅསཿམ་ཚེ་འཛིན་གྲུབ་པའི་རྒྱལ་མོ་དང༔ ཚོགས་བསྐངས་ཀྱི་ལོངས་སྤྱོད་ཆས་ལྡན་ངང་ཿ རི་དེ་རུ་མྱུར་དུ་འགྲོ་ཐབས་བྱོསཿཆོས་གཏེར་གྱི་སྒྲོམ་རྒྱ་འབྱེད་པར་འགྱུརཿ གླུ་གསན་ན་དགྲ་ལྷའི་སྙན་དུ་མཆོདཿ ཞེས་གསུངས་ནས་དབྱིངས་སུ་ཡལ་ལོཿཉི་མ་དེའི་ཕྱི་ཉིནཿ འདན་མཿཉི་འབུམཿ དགའ་བདེཿ དུང་སྨན་འོད་ལྡན་སྒྲོལ་མཿ དགྲ་ལྷ་རྩེ་རྒྱལ་བཅས་ཆས་ཀུན་བསགས་ཏེཿཤར་གྱི་རྨ་རིག་གནམ་ལྕགས་རིན་ཆེན་འབར་བའི་ཁང་བཟང་དུ་ཕེབས་ནས་ཚོགས་བསྐང་རྒྱས་པར་ཕུལ་ཞིང་ཿརིག་པ་སྟོང་ཉིད་རྡོ་རྗེའི་དབྱིངས་སུ་གཏད་ཅིང་ཿ གཏེར་སྲུང་སོགས་ལ་བཀའ་ཡི་བདེན་བརྗོད་བྱས་པསཿབྲག་རི་ཁྱུང་ཆེན་དགུ་བརྩེགས་འདྲ་བའི་ངོས་སུ་འཇའ་འོད་དང་དྲི་བཟང་ལྡང་བའི་ངོསཿ དྲི་མེད་ཤེལ་གྱི་སྐས་ལ་དགྲ་ལྷ་རྩེ་རྒྱལ་ཕེབས་ཏེ་སོང་བསཿབྲག་རི་རང་ཤུགས་སྒོ་ཕྱེས་པ་ལྟ་བུའི་ངང་ནས་གཏེར་སྒྲོམ་དམར་བོ་སྟག་གི་དབྱིབས་ལྟ་བུ་ཞིག་དགྲ་བླའི་ཕྱག་ཏུ་སོན་ནསཿགཏེར་ཚབ་རིན་ཆེན་སྣ་ལྔ་སོགས་ཀྱིས་རྒྱས་གདབ་ཅིང་གཏིང་རག་ཕུལཿ གཏེར་སྒྲོམ་རྒྱ་རལ་བ་དང་དུས་མཚུངས་སུ་ཤོག་སེར་གསེར་ཡིག་སཾ་ཀྲྀ་ཏའི་སྐད་དུ་འདུག་པཿསྔོན་གནས་རྗེས་དྲན་གྱི་སྣང་བས་འགགས་མེད་རྟེན་འབྱུང་གི་དགྲ་ལྷ་རྩེ་རྒྱལ་ནས་ཡིག་ངོ་ལ་ཕབས་པའི་བརྡ་སྤྲོད་བྱསཿ ཀུན་ཀྱིས་ཡི་གེ་ལ་ཕབ་པཿགཉན་སྟག་དགྲ་ལྷའི་ལས་སྒྲུབ་དྲག་པོ་མངོན་བྱང་དགྲ་སྙིང་སྲོག་ལེན་དམར་པོ་ཞེས་པ་གཏན་ལ་ཕབསཿགཞན་ད་དུང་གཉན་སྟག་དགྲ་བླའི་དྲག་སྒྲུབ་བཞུགསཿ དཀྱིལ་འཁོར་ལེགས་བཤམས་རས་དམར་དབང་མདོག་སྟེང་ཿགཉན་སྟག་སྐུ་གཟུགས་གྲུ་གང་བཿ དེའི་མདུན་རྣམ་ལྔ་མཆོད་ཡོན་བཤམསཿ དགྲ་གཟུགས་ལངྒ་ཚོགས་སུ་བཤམསཿདགྲ་སྙིང་ཙིཏྟའི་མཆོད་པ་བཤམས་ཏེཿ རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་ཆ་བྱད་ཅནཿ ཁྲོ་ཞིང་གཏུམ་པའི་ངོ་བོ་ལ་གསལ་བཞིན་བཛྲ་གུ་རུ་སྟོང་བསྙེན་བགྲངསཿརཾ་ཡཾ་ཁཾཿཨོཾ་ཨཱ་ཧཱུྃཿ ཀྱེ་རང་བཞིན་བདེ་ཀློང་ཀ་དག་ནམ་མཁའི་དབྱིངསཿ ལྷུན་གྲུབ་འཇའ་འོད་དབང་གི་གཟི་མདངས་ཀློང་ཿསྤྲིན་དཀར་འོད་དུ་འཁྱིལ་བའི་ཀློང་དཀྱིལ་ནསཿ དགྲ་བླ་མེ་སྟག་དམར་པོ་ལས་ལ་བཞེངསཿ སྐུ་མདོག་དམར་བོ་གློག་འོད་སྟོང་གི་གཟིསཿཁྲོ་གཏུམ་དྲག་པོས་སྲིད་གསུམ་ཟིལ་གྱིས་གནོནཿ ཕྱག་གཡས་བཤན་གྲི་གདུག་པ་མེ་འབར་ཕྱརཿ ཕྱག་གཡོན་གཉན་ཞགས་གློག་འོད་སྔོན་མོ་བསྣམསཿསྐུ་ལ་སྟག་གི་ཁྲབ་རིས་རྒྱུད་ལྡན་ནབསཿ གློག་ཞགས་འཁྱུག་ཀློང་གཡུ་འབྲུག་དམར་བོའི་སྟེང་ཿརྔམ་འཇིགས་སྟག་གི་གདོང་ཆེན་ལྷ་ཆེན་པོཿདགྲ་བླ་མེ་སྟག་དམར་བོའི་ལས་ལ་བཞེངསཿ རང་བཞིན་སྒྲུབ་པའི་གནས་འདིར་དབྱིངས་ནས་བྱོནཿའཁོར་དུ་གཉན་དམག་བྱེ་བ་འབུམ་གྱིས་སྐོརཿ ཀུན་ཁྱབ་ནམ་མཁའི་ཁམས་ཀུན་ཐོམ་མེ་བཿ དགྲ་བླ་གཉན་སྟག་དམར་བོ་དཔུང་གི་ཚོགསཿམ་ལུས་ཆོས་ཉིད་དག་པའི་ཀློང་ན་གཞེངསཿ མདུན་མཁར་ཡེ་ཤེས་མེ་དཔུང་འབར་བའི་ཀློང་ཿ ཟངས་རི་མེ་འབར་གནམ་ལྕགས་མཁར་རྫོང་འབུམཿདབང་མདོག་དར་གྱི་ཅོད་པན་མཁའ་ལ་འཕྱོཿ ཟངས་ཁྲི་རྔམས་བརྗིད་བསྟན་དགྲ་འབུམ་གྱི་སྟེང་ཿ དགྲ་བླ་གཉན་སྟག་དམར་བོད་གྱེས་པར་བཞུགསཿདུས་གསུམ་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་གརཿ ཨོ་རྒྱན་སྣང་སྲིད་ཟིལ་གནོན་བཀའ་ལ་དགོངསཿལྔ་བདོའི་འདྲེ་ངན་འདུ་སྤྲིན་དངོས་རྒྱུགས་ཚེཿ སངས་རྒྱས་བསྟན་དང་ཉམ་ཐག་འགྲོ་བའི་དོནཿདགྲ་བླའི་གཉན་སྟག་ཐུགས་དམ་མ་གཡེལ་ཅིགཿ ཁྱེད་ལ་སྤྱན་གཟིགས་མཆོད་པ་འབུལ་བ་ནིཿ འདོད་ཡོན་རྣམ་ལྔ་གསེར་དངུལ་རིན་ཆེན་དང་ཿསྟག་གཟིག་གོ་ཁྲབ་མདའ་མདུང་རལ་གྲི་དང་ཿ ཅང་ཤེས་རྟ་དང་ལྷ་བསང་དུད་པའི་སྤྲིནཿ དགྲ་སྙིང་ཙི་ཏ་འབུམ་གྱི་མཆོད་འབུལ་བསྟོདཿདགྱེས་བཞེས་མངོན་སྤྱོད་ལས་ལ་རྔམས་པར་དགོངསཿ སངས་རྒྱས་བསྟན་བའི་དབུ་འཕང་སྨད་པའི་ཚེཿཉམ་ཐག་འགྲོ་བ་སྐྱབས་མེད་སྙིང་རྗེའི་ཡུལཿ རྒྱུ་འབྲས་ཁྱད་གསོད་ལོག་ལྟའི་འབའ་ཤ་སྡིརཿ བདུད་སྤྲིན་ཕོ་མོ་འཛམ་གླིང་ཁྱོན་བཀང་ཚེཿམ་རུང་ལོག་པར་འདྲེན་ལ་བཀའ་ཆད་ཕོབསཿ ཉམ་ཐག་འགྲོ་བའི་སྐྱབས་མགོན་མེལ་ཚེ་མཛོདཿ ཆོས་མཛད་བུ་ལ་མཐུ་དཔུང་རྫུ་འཕྲུལ་བསྐྱེདཿདབང་ཐང་མི་འགྱུར་གསེར་གྱི་ཀ་བ་མཛོདཿ ཚེ་སྲོག་མི་འགྱུར་དུང་གི་ཟླ་བ་མཛོདཿ དཔལ་འབྱོར་འཚོ་བ་སྐར་ཚོགས་ལྟར་བཀྲ་མཛོདཿསྡང་དགྲ་མ་ལུས་མངོན་སྤྱོད་ཤུགས་ཀྱིས་སྒྲོལཿ བཅོལ་བའི་འཕྲིན་ལས་གཉན་སྟག་དམར་པོས་སྒྲུབཿན་མོཿ རང་བཞིན་དབྱིངས་ལས་དགྲ་བླ་གཉན་སྟག་དམརཿཧཱུྃ་དམར་འཕྲོ་འདུས་གཉན་སྟག་ཆེན་པོ་ནིཿརྔམས་འཇིགས་སྟག་གི་གདོང་ཅན་གཉན་ཆེན་པོཿ ཡེ་ཤེས་སྤྱན་གསུམ་ཐོགས་མེད་གཟིགས་པ་ཡིསཿ ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་ཕྱརཿགཡོན་པས་དགྲ་སྙིང་དམར་པོ་ཟས་སུ་ཟཿ ཆོས་བཞིན་སྒྲུབས་པའི་རྣལ་འབྱོར་བདག་ཉིད་ལཿ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཉེ་རིང་བརཿབསམ་ངན་དགྲ་བོའི་དོན་སྙིང་སྲོག་དམར་དེཿ སྐད་ཅིག་ད་ལྟ་མྱུར་དུ་གཟིགས་ནས་ཀྱང་ཿཞག་དང་ཟ་མ་ལོ་ཟླར་མ་འགྱང་བརཿགཉན་སྟག་གདུག་པའི་ཞལ་ཧོམ་རྔམས་པར་རོལཿམ་གཡེལ་མ་གཡེལ་གཉན་སྟག་དགྲ་བླའི་ཚོགསཿ བཀའ་ལས་མ་འདའ་བཛྲ་ས་མ་ཡཿ ཅེས་པའི་མཚམས་སུ་ཕུད་སྐྱེམས་བསྒྲེང་ཞིང་སླར་ཡང་ཿཀྱེ་ཧོ་ང་ནི་ཆོས་མཐུན་རྣལ་འབྱོར་ཏེཿཁྱེད་ནི་སངས་རྒྱས་བསྟན་སྲུང་གཙོཿ གང་མཚན་དགྲ་བླ་གཉན་སྟག་དམརཿ སྙན་གསན་ཐུགས་རྗེས་རྗེས་འཛིན་དགོངསཿམགོན་ཨོ་རྒྱན་པདྨ་ཀཱ་ར་དང་ཿ དཔལ་གེ་སེར་དམག་གི་རྒྱལ་བོ་ཡིཿ བཀའ་ཐ་ཆོག་རྡོ་རྗེའི་དམ་གནས་ནསཿལས་གང་བཅོལ་འཕྲིན་ལས་མ་གཡེལ་བརཿ དུས་རྒྱུན་དུ་ལས་དང་གྲིབ་མ་བཞིནཿ དཔའ་དགྲ་བླ་གཉན་སྟག་དམར་པོ་ཡིཿཚེ་མི་འགྱུར་སྲོག་གི་ཀ་བ་མཛོདཿ ལས་བཅོལ་བའི་འཕྲིན་ལས་འགྲུབ་པ་དང་ཿ དུས་ཐུགས་རྗེའི་ཆད་མེད་ཆུ་བོ་རྒྱུནཿདུས་སྐལ་བ་དམན་པའི་མར་བཤམས་འདིརཿ སྲས་དགྲ་ལྷའི་རྣམ་སྤྲུལ་བདག་ཉིད་ལཿ དགྲ་བླ་གཉན་སྟག་དམར་པོའི་སྡོངས་གྲོགས་མཛོདཿཞལ་གཟིགས་ལུང་བསྟན་གསལ་བའི་མེལ་ཚེ་མཛོདཿ ལུས་དང་གྲིབ་བཞིན་འགྲོགས་ནས་ཕྲིན་ལས་ཀུནཿ གང་བཅོལ་རྡོ་རྗེ་བཀའ་ཡི་ཐ་ཚིག་སྐྱོངསཿམ་གཡེལ་མ་འདའ་བཛྲ་ས་མ་ཡཿ རྒྱ་རྒྱ་རྒྱཿ ཟབ་གསང་འོད་གསལ་ཀ་དག་ཐུགས་ཀྱི་རྒྱཿ ཅེས་པའང་དཀོན་མིང་བས་སྔོན་གནས་རྗེས་དྲན་གྱི་བརྡ་རིས་ལས་བསྒྱུར་བའོཿདེར་གླིང་སྒར་དུ་ཕྱག་ཕེབས་ནསཿ དགྲ་ལྷ་ཁོང་གིས་གཞན་དུ་སྤེལ་བའི་ཁ་བྱང་མེད་པར་བརྟེནཿཁོང་རང་ཉིད་ཀྱི་ཡི་དམ་རྒྱུན་ཁྱེར་བྱས་ཏེ་ཕྱི་ནང་གསང་བའི་དགྲ་གདོན་གཡུལ་ལས་རྒྱལ་བ་ཡིན་ནོཿདེར་གླིང་སྒར་ཕྲ་མོས་བསུ་བ་བྱས་ཏེ་གསུང་གླེང་ངང་ཇ་ཆང་ཤ་ཐུད་སོགས་ཀྱིས་དགའ་སྟོན་ཕུན་ཚོགས་དང་གསུང་གླེང་ཞིབ་རྒྱས་ངང་གནས་སོཿའདིའི་སྐབས་སུ་སེང་ཆེན་ནོར་བུ་དགྲ་འདུལ་སེང་ཁྲི་དཀར་བོ་སྟག་གདན་གྱི་སྟེང་དུ་ཡར་བཞེངས་ཏེཿའབུམ་པའི་དགྲ་ལྷ་ལ་མགུལ་གཡུ་རིན་ཆེན་ནོར་བུ་འོད་འཕྲོ་ཞེས་པ་གོས་དར་དཀར་པོས་བརྒྱན་ཏེཿདགྲ་ལྷར་ཕུལ་ནས་འོ་འབུམ་པའི་སྣང་རྒྱལ་དཀར་བོ་ལགསཿ དགྲ་ལྷ་འབུམ་གྱི་གཙོ་བོ་ལཿ གཉན་སྟག་དམར་པོའི་ལས་སྒྲོམ་ཞིག་བཞེསཿཕྱི་ནང་བར་ཆད་གཡུ་ལས་རྒྱལཿ གླིང་དཀར་བསྟན་པ་ཡར་རྒྱས་ཡོངསཿ ཚ་བོ་དགྲ་ལྷ་སྐུ་དྲིན་ཆེཿགསུང་ནས་གདན་ལ་བཞུགསཿ དེར་བཀའ་བློན་འདན་མ་བྱང་ཁྲ་དེསཿ གཡས་ཕྱོགས་སྟག་གདན་ཁྲ་མོའི་ཡང་སྟེང་ནས་གླུ་འདི་ཐ་ལ་དྲུག་འགྱུར་གྱི་རྟ་ལ་དྲངས་ཏེ་གསུངས་སོཿསྒྲུང་ཨ་ལ༴ མ་ཐ་ལ༴ གནས་ཨོ་རྒྱན་མཁའ་འགྲོའི་གླིང་མཆོག་ནསཿ དཔལ་གུ་རུ་པདྨ་རྒྱལ་བོ་མཁྱེནཿསྟེང་ལྷ་གནས་དག་པའི་ཞིང་མཆོག་ནསཿ སྟོང་ལྷ་ཆེན་ཚངས་པ་དཀར་པོ་མཁྱེནཿ ཤར་རྨ་ཡུལ་ནོར་བུའི་ས་ཆ་ནསཿམཐུ་ཆེན་རྨ་རྒྱལ་སྤོམ་ར་མཁྱེནཿམཁྱེན་གཟིགས་བུ་ལ་སྡོངས་གྲོགས་མཛོདཿ ས་འདི་ཡི་ས་ངོ་མ་ཤེས་ནཿགླིང་འདི་ར་སྟག་ཐང་ཁྲ་མོ་རེདཿ ཕོ་ང་དང་ང་ངོ་མ་ཤེས་ནཿ གླིང་ཚ་ཞང་འདན་མ་བྱང་ཁྲ་ཡིནཿ ལས་གུར་མཐོང་བ་ཀུན་སྨོན་ནང་ཿགསེར་ཁྲི་ཁམས་གསུམ་ཟིལ་གནོན་སྟེང་ཿ དགྲ་འདུལ་དམག་གི་རྒྱལ་པོ་ལཿ འབུམ་དཔོན་དགྲ་ལྷ་རྩེ་རྒྱལ་བཞུགསཿསྐུ་དུང་སེང་དཀར་མོ་འགྱིང་བའི་དཔལཿཞལ་བཅོ་ལྔའི་དུང་ཟླ་རང་ཤར་བཞདཿ སྤྱན་ཐོ་རེངས་སྐར་ཆེན་གློག་འོད་འཁྱུགཿདཔའ་དགྲ་བླའི་གཟི་མདངས་འཁྱུག་སེ་འཁྱུགཿ ཝེར་མའི་འཛུམ་མདངས་ཡ་ལ་ལཿ དབང་སྡུད་དགྲ་བླའི་རྒྱལ་བོ་ནིཿལྷ་མི་ཀུན་ལས་ཁྱད་འཕགས་པཿ ཕ་རོལ་ཟིལ་གྱིས་གནོན་པའི་དཔོནཿ གླིང་དཀར་བསྟན་པའི་རྒྱན་ཆེན་པོཿདུས་གསུམ་རྒྱལ་བའི་སྤྱི་གཟུགས་དཔལཿ ཨོ་རྒྱན་པདྨ་ཧེ་རུ་ཀའིཿ རྣམ་སྤྲུལ་གངས་ཅན་གཙུག་གི་རྒྱནཿཆེ་བའི་ཆེ་མཆོག་དགྲ་ལྷ་རྩལཿ གོང་གསེར་ཁྲིར་འཁོད་པའི་དགའ་སྟོན་དུཿ འདུ་ར་སྟག་ཐང་ཁྲ་མོ་ནསཿཁྲ་མོ་གླིང་གི་ལྷ་སྡེ་འདུསཿ དགའ་སྟོན་སྐྱིད་གླུའི་སྟོན་མོ་སྒྲིགསཿ ཉིན་བཅོ་བརྒྱད་དགའ་སྐྱིད་སྟོན་མོ་ངོམསཿརྟ་རྒྱུགས་མདའ་རྩལ་བྱེད་པ་སོགསཿ ལྷ་བྲོ་གླུ་ལེན་གར་ལ་རོལཿ གོ་ཨེ་བྱུང་ཁྲ་མོ་གླིང་གི་སྡེཿགདོང་གསེར་བ་དཔོན་གྱི་ཉི་འབུམ་དང་ཿ གླིང་སྟག་རོང་ཉ་ཚ་ཨ་བརྟན་དང༌། ། མི་ཆེན་དགའ་བདེ་བེར་ནག་དང་ཿརོང་ཚ་གེ་འཕེན་དམར་ལེབ་དང་ཿ དཔའ་ལྷའི་སེང་སྟག་དཀར་མོ་ཡིསཿ དགའ་སྟོན་སྐྱིད་གླུ་གྲ་སྒྲིགས་ཆསཿགླིང་འདིར་ཚོགས་དཔའ་བོའི་ཐུགས་ལ་ཞོགཿ གསུངས་སོཿ དེར་སྟག་རོང་ཉ་ཚ་ཨ་བརྟན་རྒྱལ་བོ་སོགས་ནས་དགའ་སྟོན་གྲ་སྒྲིགས་ལེགས་པར་བྱས་ཏེཿགླིང་དཀར་དཔའ་ཐུལ་རྣམས་ཉིན་བཅོ་བརྒྱད་རང་རྟ་རྒྱུགས་མདའ་རྩལ་འགྲན་པ་སོགས་རྩེད་མོ་རིགས་ཇི་སྙེད་པའི་དགའ་སྐྱིད་བསམ་གྱིས་མི་ཁྱབ་པར་བྱས་ཏེཿདགའ་སྟོན་གྲོལ་ཉིན་སྤྱི་དཔོན་རོང་ཚ་ནས་གླུ་ངག་དལ་བ་རིང་མོའི་རྟ་ལ་དྲངས་ཏེ་བླངས་སོཿསྒྲུང་ཨ་ལ༴ མ་ཐ་ལ༴ གནས་སྦྱི་གཙུག་བདེ་ཆེན་གཞལ་ཡས་ནསཿ མདངས་འཇའ་ཟེར་འཁྱིལ་བའི་ཀློང་དཀྱིལ་ནསཿཕ་དྲིན་ཆེན་རྩ་བའི་བླ་མ་མཁྱེནཿ ས་འདི་ཡི་ས་ངོ་མ་ཤེས་ནཿ གླིང་འདུ་ར་སྟག་ཐང་ཁྲ་མོ་རེདཿང་དང་ང་ངོ་མ་ཤེས་ནཿ གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིནཿ དུས་དེ་ནས་གླིང་དཀར་ཁྲ་མོའི་སྡེཿའབུམ་སྒར་ཁྲ་མོའི་གཞི་དཀྱིལ་ནསཿ སྲས་ཆུང་དགྲ་ལྷར་ཁྲི་སྟོན་བྱསཿ རྫུས་སྐྱེས་རྡོ་རྗེའི་མཁའ་འགྲོའི་སྤྲུལཿདུང་སྨན་འོད་ལྡན་སྒྲོལ་མ་དེཿ ཤར་གླིང་དཀར་རྒྱན་དུ་འཁོད་ནས་ཀྱང་ཿ དགྲ་ལྷའི་གཉན་སྟག་ལས་སྒྲོམ་དེཿའབུམ་དཔོན་དགྲ་ལྷའི་གཏེར་ནས་བཞེསཿ ཡ་མཚན་གྲུབ་པའི་ཟབ་གཏེར་བཞེསཿ འཆི་མེད་ཚེ་དབང་རིག་འཛིན་འགྲུབཿདགའ་སྟོན་སྐྱིད་པའི་ངང་རོལ་ནསཿ སང་གི་ཉི་མ་རྩེ་ཤར་ལཿ ཕུ་ནུ་རང་རྫོངས་མཁར་ལ་འགྲོཿ གོང་མ་ལྷ་ཡི་ལས་དོན་ལཿམ་སེང་ནོར་བུ་དགྲ་འདུལ་རྩལཿ གོང་སྨན་སྲིད་པའི་རྒྱལ་མོ་ཡིསཿ གླིང་ལ་ལུང་བསྟན་ནམ་བྱུང་ནཿའབུམ་དཔོན་སྲས་ཆུང་དགྲ་ལྷ་དངཿཿ དཔའ་ཐུལ་དཔའ་བོའི་དཔུང་ཚོགས་ཀྱིསཿ བདུད་འདུལ་རྒྱལ་ཁ་དགོངས་ནས་ལེནཿའདིར་བཞུགས་གླིང་དཀར་ལྷ་སྡེ་ལཿ དཀར་ཕྱོགས་དགྲ་བླའི་བཀྲ་ཤིས་ཤོགཿ འཆི་མེད་ཚེ་ལ་རིག་འཛིན་དབང་ཿཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོགཿ འཛད་མེད་ནོར་གཏེར་མངའ་དབང་འབྱོརཿ དམ་ཅན་ནོར་ལྷའི་བཀྲ་ཤིས་ཤོགཿདགྲ་བཞི་ཟིལ་གྱིས་གནོན་བྱེད་པཿ གེ་སར་རྒྱལ་བོའི་བཀྲ་ཤིས་ཤོགཿ གསུངས་ནས་ཉི་མ་དེའི་ཕྱི་ཉིན་གླིང་གི་འབུམ་སྒར་ཁྲ་མོ་དེསཿགུར་དང་ཆས་ཀ་རྣམས་བསྡུས་ཏེཿ ཕུ་ནུ་རྣམས་རང་རང་སོ་སོའི་རྫོང་དུ་ཁྲ་ཤིགས་ཤིག་འོད་ལྡེམས་ལྡེམ་ངང་གྱེས་སོཿ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1