མཚོ་སྔོན་གྱི་ནད་པ་གཅིག་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་བུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-11


        ཟླ10པའི་ཚེས21ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་རང་ས་གནས་ནས་ཐོན་པའི་པྲོག་གསར་གློ་ཚད་ཀྱི་ནད་པ12ཤེས་རྟོགས་བྱུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བཀོད་སྒྲིག་ལྟར། སྨན་དོན་སྐྱོབ་བཅོས་ཚོ་ཆུང་གིས་དུས་འཕྲལ་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་དུ་བསྟར་ནས་ནད་པ་གཅིག་སྡུད་དང་ཆེད་མཁས་པ་མཉམ་འཛོམས། ཐོན་ཁུངས་གཅིག་བསྡུས། གཅིག་གྱུར་སྐྱོབ་བཅོས་བཅས“གཅིག་སྡུད་བཞིའི”རྩ་དོན་ལྟར། ནད་བརྟག་གཏན་འཁེལ་བྱས་པའི་ནད་པ་ཞིང་ཆེན་རིམ་པའི་གནས་ཁེལ་སྨན་ཁང་དུ་གཅིག་སྡུད་སྒོས་སྨན་བཅོས་བྱེད་བཞིན་ཡོད།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་ཕྱོགས་བསྡུས་ཚན་ཆུང་མཚོ་སྔོན་ལས་དོན་ཚོ་ཆུང་གི་ཆེད་མཁས་པས་སྨན་ཁང་གི་མཛུབ་ཁྲིད་རོགས་རམ་འོག ཞིང་ཆེན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས་ནད་གཞི་ལྕི་རིགས་དང་འབྱིན་རྔུབ་དང་ནད་སྐྱོང་སོགས་ཆེད་མཁས་པས་གྲུབ་པའི་ལས་དོན་ཚོགས་པ་སྐོང་འཐེན་བྱས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། གནས་ཁེལ་སྨན་ཁང་བཅས་རིམ་པ་གསུམ་གྱི་ཆེད་མཁས་པས་ཉིན་རེར་མཉམ་འབྲེལ་ཐོག་བརྟག་དཔྱད་ཐེངས་རེ་བྱེད་པ། གཏན་འཁེལ་བྱས་པའི་ནད་དཔེར་རིག་ཚན་མང་བ་དང་། ཀྲུང་ཕྱི་གསོ་རིག་ཟུང་འབྲེལ། སེམས་ཁམས་གསོ་སྐྱོང། འཚོ་བཅུད་མཁོ་སྤྲོད་སོགས“མི་གཅིག་ལ་ཇུས་གཅིག”གི་སྒོ་ནས་གནད་ཁེལ་སྐྱོབ་བཅོས་བྱས་པ་རེད།    
        ཟླ11པའི་ཚེས10ཉིན་གྱི་ཆུ་ཚོད11པར། ནད་པ1ལ་ཉིན20རིང་གི་གསོ་བཅོས་ཞིབ་མོ་བྱས་པ་བརྒྱུད། ལུས་དྲོད་རྒྱུན་ལྡན་དུ་སླར་གསོ་བྱུང་སྟེ་ཉིན3ཡན་འགོར་བ་དང་། དབུགས་ལམ་གྱི་ནད་རྟགས་མེད་པར་གྱུར། བྲང་ཁའིCTལས་རྒྱུན་ལྡན་མིན་པའི་ནད་རྟགས་མ་མཐོང་། བསྟུད་མར་སྣ་བའི་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས་བྱས་པའི་མཇུག་འབྲས་ཚང་མར་སྲིབ་གཤིས་མངོན། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། གནས་ཁེལ་སྨན་ཁང་བཅས་ཀྱི་ཆེད་མཁས་པས་མཉམ་འབྲེལ་ཐོག་བརྟག་དཔྱད་བྱས་པ་བརྒྱུད། 《པྲོག་གསར་གློ་ཚད་ནད་པའི་སྨན་བཅོས་ཇུས་གཞི(ཚོད་ལྟའི་པར་གཞི་བརྒྱད་པའི་བཟོ་བཅོས་པར་གཞི)》གཞིར་བཟུང་། སྨན་ཁང་ནས་འབུད་ཆོག་པའི་ཚད་གཞི་དང་མཐུན་པས་ད་ལྟ་སྨན་ཁང་ནས་བུད་པ་དང་། སྨན་ཁང་ནས་བུད་རྗེས་མུ་མཐུད་དུ་ལུས་གསོ་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།   །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1