ལི་ཐང་ནས་རྙེད་པའི་ཚོན་ལྡན་བྲག་རིས་ལ་ལོ8000ཡན་གྱི་ལོ་རྒྱུས་འདུག

འཇམ་དབྱངས་ཉི་མས་བྲིས། ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-28



        སྤྱི་ཟླ་10ཚེས་22ཉིན་མཚོ་ལའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་གསལ། ཉེ་ཆར། མཚོ་ལའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ལྷན་གྱི་སྐོར་ཞིབ་སྲུང་སྐྱོབ་མི་སྣས་སྐོར་ཞིབ་བྱེད་སྐབས། བྲག་སྲུབས་ཀྱི་ལྡེབས་ངོས་སུ་ཡིབ་པའི་ཚོན་ལྡན་བྲག་རིས་ཁག་ཅིག་རྙེད་པ་དང་། བྲག་རིས་དེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དབྲ་ཁོག་ཡུལ་ཚོའི་དགེ་བསྙེན་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཡང་གཟར་ཞིག་གི་ལྡེབས་ངོས་སུ་འདུག །ཁམས་པའི་དྲ་བས་སྤེལ་བའི་བྲག་རིས་ཀྱི་བརྙན་ཐུང་ཞིག་དང་འདྲ་པར་གསལ་ཆ་ལྡན་པ་ཁག་ཅིག་མཐོང་མ་ཐག་སེམས་པ་སྤྲོ་བས་ཁེངས། ཚོན་ལྡན་གྱི་བྲག་རིས་འདི་དང་སྔོན་མདོ་དབུས་མཐོ་སྒང་གི་དབུས་རྒྱུད་མངའ་རིའི་ས་ཁུལ་དང་། ཤར་རྒྱུད་ཡུལ་ཤུལ་དང་དཀར་མཛེས་ས་ཁུལ་སོགས་ནས་གསར་རྙེད་བྱུང་བའི་བྲག་རིས་ཀྱི་བཟོ་ལྟ་དང་ནང་དོན། དེ་མིན་རྣམ་པ་བཅས་དང་དེ་ཙམ་མི་འདྲ་ཞིང་། རྦད་དེ་དེ་དག་ལས་གནའ་ཉམས་ལྡན་པ་འདུག །

        ནང་དོན་གྱི་ཐད་ནས་བལྟས་ན། ཤྭ་བ་ཞིག་དང་ཕག་དང་རིགས་འདྲ་བ་ཞིག །ལངས་གཟུགས་ཀྱི་མི་ཞིག་དང་མིའུ་ཞིག །དེ་མིན་ད་དུང་ཅི་ཡིན་ཆ་མ་འཚལ་བའི་རི་མོ་ཁ་ཤས་འདུག །ཤྭ་བ་ནི་བྲག་རིས་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་ལ། རྡོ་ཆས་རྙིང་མ་ནས་རྡོ་ཆས་གསར་མའི་བར་དང་། ཡོབ་གླིང་ནས་ཡ་གླིང་ཤར་མའི་བར། དུས་ཚོད་ནས་ས་ཁུལ་བར་སོགས་ཚང་མའི་ཁྲོད་གནའ་མིའི་བརྗོད་བྱ་ཆེས་མང་བ་དེ་ཡིན། འོན་ཀྱང་གནས་འདིའི་ཤྭ་བ་ནི་ཚོན་ལྡན་ཡིན་པ་དང་རྣམ་པ་གསོན་ལྡན་པ། སྟབས་བདེ་ཞིང་ཐིག་རིས་སྦོམ་པོས་ཤྭ་བའི་ལུས་དབྱིབས་དང་གཟུགས་བཞི། རྭ་ཅོ་སོགས་བྲིས་ཡོད་ལ། གཟུགས་དབྱིབས་ཀྱི་ཁྱད་ཆོས་ལས་རྡོ་ཆས་གསར་མའི་ཤྭ་བ་མཚོན་ཚུལ་དང་ཁྱད་པ་ཆེན་མོ་ཡོད་པ་ཤེས་ཐུབ།
        ངོས་འཛིན་བྱེད་ཐུབ་པའི་སྲོག་ཆགས་གཞན་ཞིག་གི་གཟུགས་དབྱིབས་ཕག་དང་མཚུངས་ཤིང་། འཛམ་གླིང་བྲག་རིས་ཨུ་ལྷན་གྱི་ལས་འཛིན་ཨུ་ཡོན་དང་ནན་ཅིང་དགེ་འོས་སློབ་ཆེན་གྱི་སྤྱི་ཚོགས་འཕེལ་རྒྱས་སློབ་གླིང་གི་གླིང་གཙོ་གཞོན་པ། རིག་གནས་དང་དངོས་མང་བཤམས་སྟོན་རིག་པའི་ཚན་ཁག་གི་དགེ་རྒན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་པ་ཐང་ཧུའེ་ཧྲེང་གིས་ངོས་འཛིན་གནང་བ་ལྟར། འདི་ནི་ཕལ་ཆེར་“མོ་(獏)”ཞེས་པའི་སྲོག་ཆགས་དེ་ཡིན་ཞིང་། གཟུགས་དབྱིབས་ཕག་དང་འདྲ་ལ། ལོ་ངོ་བརྒྱད་སྟོང་སྔོན་ནས་རྩ་མེད་དུ་གྱུར་ཟིན། སྲོག་ཆགས་འདི་བྲག་རིས་སུ་མངོན་པར་ན། མ་གཞི་བྲག་རིས་ཀྱི་མ་མཐའི་ལོ་ཚོད་གཏན་འཁེལ་བྱེད་ཆོག་པ་རེད།
        དེ་ཡང་མིའི་གཟུགས་རིས་ནི་རྡོ་ཆས་གསར་མའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་ལ། མང་ཤོས་ནི་ལག་ཏུ་མདའ་གཞུ་འཛིན་མཁན་དང་རྐྱ་པའི་གཟུགས་བརྙན་ཡིན་པ་དང་། མགོ་ཟླུམ་པོ་དང་གཟུགས་བཞིའི་འགུལ་སྤྱོད་ཀྱི་རྣམ་པ་སྟབས་བདེ་རུ་བྲིས་ཡོད། མི་དང་སྲོག་ཆགས་ཀྱི་བསྡུར་ཚད་ལ་མཚོན་ན། ཕལ་ཆེར་རྒྱུན་ལྡན་གྱི་དངོས་ཡོད་གནས་ཚུལ་བཞིན་བསྡུར་ཚད་1:1ལྟར་མཚོན་ཡོད། གནས་འདིར་མི་སྣ་ཟུར་ངོས་སུ་བྲིས་ཡོད་པ་དང་། རོ་སྟོད་རྒུར་ཞིང་ལག་ཟུང་གིས་ཅ་དངོས་བཟུང་ནས་མཆོད་འབུལ་བྱེད་པའམ། ཡང་ན་ཅ་དངོས་བཟུང་ནས་གཡུག་བཞིན་པའི་རྣམ་པ་མངོན་ཤིང་། འགུལ་རྣམ་ཤིན་ཏུ་མངོན་གསལ་དོད་པོ་ལྡན། གཞན་ཡང་གནས་འདིའི་མི་སྣ་དང་སྲོག་ཆགས་ཀྱི་འབྲེལ་བ་ལ་བལྟས་ན། སྲོག་ཆགས་ནི་ཤིན་ཏུ་ཆེ་ཞིང་། མི་སྣ་ནི་ཤྭ་བ་དང་“མོ་(獏)”ཡི་གཟུགས་དབྱིབས་ཀྱི་བཅུ་ཆའི་གཅིག་ལས་ད་དུང་ཆུང་བར་མངོན། འདི་ནི་གནའ་དུས་སུ་སྲོག་ཆགས་ལ་དད་གུས་བྱེད་པའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཡིན།
        གནས་འདིའི་ཚོན་ལྡན་བྲག་རིས་ཀྱི་རིས་དབྱིབས་བཟོ་ལྟ་དང་མཚོན་བྱ་ནང་དོན་སོགས་ལ་བལྟས་ན་ལོ་ངོ་སྟོང་བརྒྱད་ཡན་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་ཤུལ་ཞིག་ཡིན་པ་གདོན་མི་ཟ་ཞིང་། བྲག་རིས་ཀྱི་ཁྱད་ཆོས་ལས་འབྲི་ཆུའི་བྲག་རིས་དང་གཅིག་མཚུངས་སུ་མངོན། གནའ་ཤུལ་འདི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དུ་གསར་རྙེད་བྱུང་བ་ནི། གནའ་རབས་རྡོ་ཆས་རྙིང་མའི་སྐབས་ནས་གནའ་མི་རྣམས་མཐོ་སྒང་མཚོ་འཕགས་མཐོ་བའི་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པའི་བདེན་དཔང་རྡོ་རྗེའི་བྲག་དང་མཚུངས་བ་ཞིག་ཡིན་ནོ། །



འདྲ་པར་དགེ་བསྙེན་རི་བོའི་ཡུལ་སྐོར་ཞེས་པ་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1