ནགས་ཁྲའི་མཛེས་པ་མིག་གི་ལོངས་སྤྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-23



      སྟོན་དུས་སུ་གནས་འདིའི་ལྗོན་ཤིང་གི་ལོ་མ་དང་སྡོང་ཕྲན་ཕན་ཚུན་འདྲེས་ཤིང་། ཚོན་མདངས་རྣམ་པར་བཀྲ་བའི་རྣམ་པ་ཞིག་མངོན་འདུག དམར་སྨུག་དང་། སེར་སྐྱ། ངང་སེར། སྨུག་སེར། ཁམ་སེར་སོགས་གྲངས་ཀྱིས་མི་ལངས་པའི་ཁ་དོག་ནི་ནགས་ཁྲའི་འཇིག་རྟེན་རེད།

      རྔ་བའི་ནགས་ཁྲའི་རྒྱ་ཆེ་ལ་ནགས་ཀྱི་རིགས་ཀྱང་མང་བོ་ཡོད་དེ། སོ་མང་ལུང་གཞུང་དང་། ཆུ་ཆེན་གྱི་ལུང་པ། ཁྲོ་ཆུ་སོགས་སུ་ནགས་ཁྲ་མང་བོ་ཡོད་ལ། དེ་ལས་ཁྲོ་ཆུའི་ནགས་ཁྲ་ནི་ཨེ་ཤེ་ཡའི་ལོ་མ་དམར་པོའི་ནགས་ཚལ་གྱི་ལྗོངས་སྐོར་ཁུལ་ཆེ་ཤོས་དེ་ཡིན། ལྗོངས་སྐོར་འཆར་འགོད་ཀྱི་ཆེད་མཁས་པ་ཆན་ཀྲེན་ཡུའེ་ཡིས་ཁྲོ་ཆུའི་ལོ་མ་དམར་པོའི་ནགས་ཀྱི་རྒྱ་ཁྱོན་ཆེ་བ་དང་རིམ་པ་ཕུན་སུམ་ཚོགས་པས་ཨེ་ཤེ་ཡའི་ལོ་མ་དམར་པོའི་ནགས་ཀྱི་མཛེས་ལྗོངས་ཁུལ་ཡག་ཤོས་རེད་ཅེས་བསྔགས་བརྗོད་བྱས།

      ཉེ་བའི་ལོ་ཤས་རིང་། རང་ཁུལ་ལ་མཛེས་སྡུག་ལྡན་པའི་ནགས་ཚལ་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རང་ཁུལ་གྱིས་ཁྱད་ཆོས་ལ་ཁྱད་ཆོས་སྔར་ལས་ལྡན་པར་བྱེད་པ། ལེགས་ཆ་སྔར་ལས་ལེགས་པར་བྱེད་པ། དུས་ཚིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བར་བརྟེན་ནས་ཁོངས་ཡོངས་ལྗོངས་སྐོར་ལ་སྣེ་ཁྲིད་པ་བཅས་ཀྱི་དུས་ཚིགས་ལྗོངས་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོས་ནས་རྔ་བའི་སྟོན་དུས་ཀྱི་ལྗོངས་སྐོར་ལས་དོན་ལ་ཤུགས་བསྣན་ནས་རྒྱལ་ཡོངས་ཀྱི་སྟོན་དུས་ལྗོངས་སྐོར་བྱ་ཡུལ་གྲགས་ཅན་དུ་ནུས་ཤུགས་ཡོད་རྒུས་བཏོད།

      སྟོན་དུས་སུ་རྔ་ཁུལ་གྱི་ས་གནས་གང་སར་ལྟ་ན་སྡུག་པའི་ནགས་ཁྲ་མཐོང་རྒྱུ་ཡོད་ལ། ལྷག་པར་དུ་ཁྲོ་ཆུ་ནི་མཚོན་མདོག་རྣམ་པར་བཀྲ་བའི་ནགས་ཁྲའི་རྒྱ་མཚོ་ཞིག་ཏུ་གྱུར། སྟོན་རླུང་བསིལ་མོས་ལྗོན་ཤིང་གི་ཚོགས་ལ་མདངས་གསལ་བའི་ཚོན་རྩི་སྣ་ཚོགས་པ་བྱུགས་པས་གནས་འདིར་ཐོན་ན་ཁྱོད་རང་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་མཚུངས།

      ནུབ་རླུང་དལ་གྱིས་ལྡང་པ་ན་མཚོན་ལྡན་ནགས་ཁྲ་ནི་འཇའ་རིས་གོས་སུ་གྱོན་པའི་སྨན་ཤར་གྱི་ཚོགས་ཤིག་གིས་ལུས་སྟངས་སྟབས་བདེ་མོར་གར་བྱེད་པ་དང་འདྲ་ལ། གནམ་གྱི་ཕྱེད་ཙམ་ལ་མདོག་སྣ་ཚོགས་བྱུགས་འདོད་པའི་བྱིས་པ་དྲན་རྒོད་ཅིག་གི་འདོད་པ་ལག་ཏུ་བཞག་པ་དང་སྒོ་ཀུན་ནས་མཚུངས།

      ཆུ་ཆེན་དུ་སྟོན་ཚེས་འཕྱི་བས་ཟླ་11པའི་ནང་མ་གཏོགས་ནགས་ཁྲའི་མཛེས་པ་མྱོང་བའི་བསྐལ་བ་མེད་ཀྱང་། དུས་དེར་ཆུ་ཆེན་གྱི་ལུང་གཞུང་རིང་མོ་ནི་ནགས་ཁྲས་ཡོངས་སུ་བརྒྱན་པས་ལྟ་བས་ཆོག་མི་ཤེས་པ་ཞིག་འདུག་སྟེ། ཞོགས་པའི་སྨུག་སྤྲིན་ལང་ལོང་གི་ཁྲོད་ན་ནགས་ཁྲ་ནི་གནས་ལ་ཡོད་པའི་རྒྱ་ནག་གི་བུ་མོ་ཞིག་གི་ཞལ་སངས་རས་ཀྱིས་ཁེབས་པ་ལས་དམར་ལ་མདངས་གསལ་བའི་མཁུར་ཚོས་མངོན་པ་དང་འདྲ་ལ། སྲོད་ཀྱི་འཆར་ཀའི་ཁྲོད་དུ་མེ་ཡི་འཇིག་རྟེན་ཞིག་དང་འདྲ།

      སུང་ཕིང་ལུང་བ་ནི་ཤིན་ཏུ་ངོ་མཚར་བའི་སི་ཁྲོན་ནུབ་རྒྱུད་ཀྱི་གནས་མཆོག་ཡ་མཚན་ཞིག་ཡིན་ཞིང་། ལོ་རེའི་སྟོན་དུས་སུ་སུང་ཕིང་ལུང་བའི་རི་ལུང་ཐམས་ཅད་ནགས་ཁྲས་ཁེབས་པ་དང་། དྭངས་ཤིང་གཙང་བའི་ནམ་མཁའི་མཛེས་རྒྱན་འོག་བང་རིམ་མངོན་གསལ་དོད་ཅིང་མཚར་སྡུག་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཡུལ་དུ་བསྟར།

      དམིགས་བསལ་ཀྱི་ས་བབ་དང་། གནམ་གཤིས་ཀྱིས་རྔ་ཁུལ་གྱི་སྟོན་ལ་དཔྱིད་དུས་ཀྱི་མཛེས་ལྗོངས་ལ་རོལ་བ་དང་མ་འདྲ་བར་དུས་ཚིགས་རང་བཞིན་གྱི་མཛེས་པ་མངོན་ལ། སྤྱིར་བཏང་གི་ལོ་མ་དམར་པོའི་ནགས་ཚལ་དང་བསྡུར་ན་རྔ་བ་ཁུལ་གྱི་ལོ་མ་དམར་པོའི་ནགས་ཚལ་ནི་གཞན་དང་མ་འདྲ་བར་ལྷག་པར་དུ་མཛེས། རྒྱལ་མོ་རྔུལ་ཆུའི་གཙང་འགྲམ་ནས་རྨིན་ཅང་གཙང་བོའི་རོང་ཁུལ་བར། ཚོན་མདངས་རྣམ་པར་བཀྲ་བའི་ནགས་ཁྲས་བརྒྱན་ཡོད།

      ཡུལ་འདིའི་སྟོན་དུས་ཤིན་ཏུ་མཛེས་པས། སྟོན་དུས་སུ་རང་ཁུལ་དུ་ལྗོངས་སྐོར་བྱེད་མཁན་ཤིན་ཏུ་མང་། ལོ་རེའི་ཟླ་10བའི་ཟླ་སྨད་དུ་རྔ་བའི་ས་གཞི་ཆེན་མོ་འཇའ་ཚོན་གྱིས་བཀླུབས་པ་དང་འདྲ་ལ། སྔོ་བསངས་ཀྱི་ནམ་མཁའ་དང་བརྗིད་ཉམས་ཆེ་བའི་གངས་རིའི་གཤམ་དུ་ཐམས་ཅད་ལོ་མ་དམར་པོའི་ནགས་ཚལ་གྱིས་བརྒྱན།

      སྟོན་ཀའི་ཉི་འོད་རབ་ཏུ་འཚེར་ཞིང་། ནགས་ཁྲའི་མདངས་མངོན་པར་གསལ།

      རང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་རྟགས་ཀྱི་ལེགས་ཆར་བསྒྱུར་ནས་ཉེ་བའི་ལོ་ཤས་རིང་ལོ་མ་དམར་པོའི་ནགས་ཁྲའི་ཐོན་ཁུངས་ལ་བརྟེན་ནས་སྤུས་རྟགས་མང་བོ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་གཡུར་དུ་ཟ་བའི་ཕན་འབྲས་ལོན་ཡོད། ད་ལྟ་ཆུ་ཆེན་གྱི་ལོ་མ་དམར་པོའི་དུས་སྟོན་དང་། ཁྲོ་ཆུའི་ནགས་ཁྲའི་དུས་སྟོན། ལིས་རྫོང་གི་ལོ་མ་དམར་པོའི་དུས་སྟོན་སོགས་ནི་རང་ཁུལ་གྱི་རིག་གནས་ལྗོངས་སྐོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་གཞི་རྟེན་གལ་ཆེན་དང་། རྒྱལ་ཁབ་ཕྱི་ནང་གི་ལྗོངས་སྐོར་བའི་ཡིད་དབང་འཕྲོག་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།

      ནགས་ཁྲའི་སྤུས་རྟགས་ཀྱི་ཕན་འབྲས་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་ཇི་ལྟར་བྱས་ནས་དེ་ཉིད་དཔལ་འབྱོར་ཕན་འབྲས་ལ་བསྒྱུར་ཆེད་ཐབས་ཇུས་ཅི་ཡོད་བཀོལ་བས་ལོ་མ་དམར་པོའི་ནགས་ཚལ་དེ་ཁྲོ་ཆུ་ཁོ་ན་མ་ཟད། ཉེ་རིང་ཀུན་ཏུ་སྐད་གྲགས་ཆོད་པའི་སྟོན་དུས་ཀྱི་ལྗོངས་སྐོར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

      སྟོན་དུས་སུ་རང་ཁུལ་གྱི་ལོ་མ་དམར་པོའི་མཛེས་ལྗོངས་ཀྱིས་ལྟད་མོ་བ་བཟི་བར་བྱེད་ལ། ནགས་ཁྲའི་དཔལ་འབྱོར་དེ་ཁོངས་ཡོངས་ལྗོངས་སྐོར་འཕེལ་རྒྱས་དང་དབུལ་བྲལ་གནད་སྒྲོལ་ལ་སྐུལ་འདེད་གཏོང་བའི་གཞི་གལ་ཆེན་ཞིག་ཏུ་གྱུར་ཅིང་རྔ་ཁུལ་གྱི་ལྗོངས་སྐོར་དུས་ཚིགས་རིང་དུ་ཕྱིན་པར་མ་ཟད། རྔ་ཁུལ་གྱི་ལྗོངས་སྐོར་ལས་རིགས་ལ་གསོན་ཤུགས་ཚད་མེད་བསྣན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1