ཞི་ཅིན་ཕིང་གིས་ཁྱོན་ཡོངས་ནས་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 09-18



ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་སྡོད་པའི་དཔུང་ཁག་གི་རྟེན་གཞི་ག་གེ་མོར་རྟོག་ཞིབ་གནང་དུས་གཡུལ་གྲབས་འཐབ་འཁྲུག་ལ་དམིགས་ནས་གང་མགྱོགས་སྒོས་གསར་གཏོད་འཕེལ་རྒྱས་སུ་བཏང་སྟེ་ཁྱོན་ཡོངས་ནས་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་སྡོད་པའི་དཔུང་ཁག་གི་རྟེན་གཞི་ག་གེ་མོར་རྟོག་ཞིབ་གནང་སྟེ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཚབ་བྱས་ཏེ། རྟེན་གཞིའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་གྱི་དགོངས་པ་དོན་འཁྱོལ་བྱས་ཤིང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་བྱས་ནས། གཡུལ་གྲབས་འཐབ་འཁྲུག་ལ་དམིགས་ནས་གང་མགྱོགས་སྒོས་གསར་གཏོད་འཕེལ་རྒྱས་བཏང་སྟེ། ཁྱོན་ཡོངས་ནས་འགན་འཁྲི་དང་ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། འཛམ་གླིང་རྩེ་གྲལ་གྱི་དམག་དཔུང་འཛུགས་པ་དང་མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན་འཛུགས་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས། 


ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་སྡོད་པའི་དཔུང་ཁག་གི་རྟེན་གཞི་ག་གེ་མོར་རྟོག་ཞིབ་གནང་།  

        འབྲས་ལྡན་སྟོན་གྱི་དུས་ལ། གནའ་མཁར་ཞི་ཨན་དུ་མཁའ་དྭངས་རླུང་བུ་ཡངས་བར་རྒྱུ། ལྗོངས་རྣམ་མཛེས་པས་དང་བ་འདྲེན། སྔ་དྲོའི་ཆུ་ཚོད10དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་རྟེན་གཞིའི་སྒར་ཁུལ་དུ་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་ཞི་ཨན་དུ་སྡོད་པའི་དཔུང་ཁག་གི་དཔོན་དམག་འཐུས་ཚབ་པར་བྱམས་བརྩེའི་མཇལ་འཕྲད་གནང་ཞིང་། ཚང་མ་དང་མཉམ་དུ་དྲན་རྟེན་མཉམ་པར་བླངས།   


        ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་སྡོད་པའི་དཔུང་ཁག་གི་རྟེན་གཞི་ག་གེ་མོར་རྟོག་ཞིབ་གནང་། 

        དེ་རྗེས། ཞི་ཅིན་ཕིང་གིས་རྟེན་གཞིའི་བྱ་བའི་སྙན་ཞུར་གསན་པ་དང་གཏམ་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་རྟེན་གཞིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་མཁའ་སྐྱོད་བྱ་གཞག་འཕེལ་རྒྱས་ཁྲོད་བཏོན་པའི་བྱེད་ནུས་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས། ཁོང་གིས་ནན་གྱིས་བསྟན་དོན། མཁའ་སྐྱོད་འཕུར་གཏོང་གི་གྲངས་ཚད་ཇེ་མང་དུ་ཕྱིན་པ་དང་བླང་བྱ་ཇེ་མཐོར་སོང་བའི་དོན་དངོས་དང་བསྟུན་ནས། རྩ་འཛུགས་ཀྱི་རྣམ་པ་ལེགས་བཅོས་དང་།  ཚད་ལེན་ཚོད་འཛིན་གྱི་ལག་རྩལ་དང་བྱེད་ཐབས་གསར་གཏོད་བྱས་ནས། ཚད་ལེན་ཚོད་འཛིན་ཡང་དག་གནད་ལ་འཁེལ་བ་དང་ཕུན་ཚོགས་ལེགས་འགྲུབ་ལ་ཁག་ཐེག་བྱེད་དགོས། རྒྱལ་ཁབ་ཀྱི་བར་སྣང་མ་ལག་གི་འཁོར་སྐྱོད་དོ་དམ་ལག་བསྟར་ལ་སྤྱི་འདོམས་བྱས་ནས། དོ་དམ་དང་བེད་སྤྱོད་ཀྱི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས། 

        ཞི་ཅིན་ཕིང་གིས་བསྟན་དོན། བར་སྣང་གི་ཐོན་ཁུངས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་ཡིན་པས། དོ་དམ་དང་བེད་སྤྱོད། སྲུང་སྐྱོབ་བཅས་ཡག་པོ་བྱེད་དགོས། ཁྱོན་ཡོངས་ནས་འགོག་སྲུང་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། གནོད་ཐེགས་ཐེབས་འཇོག་དང་གཏོར་རྒོལ་འཚོ་གནས། ཆ་འཕྲིན་འགོག་སྲུང་བཅས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། བར་སྣང་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། བར་སྣང་མ་ལག་གི་བརྟན་བརླིང་དང་གོ་རིམ་ལྡན་པའི་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས། བར་སྣང་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྤེལ་ནས། བར་སྣང་ཉེན་ཁའི་དོ་དམ་ཚོད་འཛིན་དང་ཕྱོགས་ཡོངས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས་པར་བསྟན། 

        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྟེན་གཞིའི་ཕྲག་ཏུ་ཡོད་པའི་ལས་འགན་སོ་སོ་ལེགས་པར་སྒྲུབ་ན། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱས་ནས། ཁྱོན་ཡོངས་ནས་རང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་བཏང་ཞིང་། ཏང་གི་གསར་གཏོད་རིག་གཞུང་གི་དྲག་ཆས་སྤྲས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་འཛིན་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མཁའ་སྐྱོད་ཚད་ལེན་ཚོད་འཛིན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། དཔོན་དམག་ཡོངས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་འགན་འཁྲི་འཁུར་བའི་བསམ་བློ་ཆབ་སྲིད་ཀྱི་གཞི་རྩ་གཏན་འཛུགས་བྱས་ཏེ། དཔུང་ཁག་གི་སྤྱོད་གཙང་སྲ་ནན་དང་ཕྱོགས་སྡུས་གཅིག་གྱུར་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། དམིགས་ཡུལ་ལྡན་པའི་སྒོ་ནས་འཇོན་མིའི་བྱ་བ་ལེགས་པར་སྒྲུབ་ནས་འཇོན་མིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་དགོས། བརྩོན་པ་ལྷོད་མེད་ཀྱིས་གཞི་རིམ་ནན་འཛིན་དང་རྨང་གཞི་བཏིང་ནས། ལྷག་བསམ་རྣམ་དག་གིས་དཔོན་དམག་གི་དཀའ་ཁག་སེལ་ཏེ། ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས། རྒྱུན་ཆད་མེད་པར་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས་པར་བསྟན། 

        ཞུའུ་ཆི་ལང་སོགས་བྱེད་སྒོར་ཞུགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1