རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-15


        ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱོགས་བསྡོམས་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་ནས་རྟེན་འབྲེལ་བྱེད་སྒོའི་གྲབས་གཉེར་ལས་དོན་ནང་ཞུགས་པའི་ཕྱོགས་ཁག་གི་འཐུས་མི་དང་བྱམས་བརྩེའི་ངང་ཐུག་འཕྲད་གནང་བ།
        སྤྱི་ཚེས་13ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཕྱོགས་བསྡོམས་གྲོས་ཚོགས་དེ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་རྟེན་འབྲེལ་བྱེད་སྒོའི་གྲབས་གཉེར་ལས་དོན་གྱི་ཕྱོགས་ཁག་གི་འཐུས་མི་དང་བྱམས་བརྩེའི་ཐུག་འཕྲད་གནང་བ་མ་ཟད། ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་དང་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་ནས། ཁོང་ཚོའི་དཀའ་སྤྱད་ལས་བརྩོན་དང་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚང་མས་འབད་བརྩོན་ཧུར་ལེན་དང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་མ་གནང་ཡོད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཝང་དབྱང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་མཇལ་འཕྲད་ནང་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་ཐུག་འཕྲད་ནང་ཞུགས་པ་མ་ཟད། ཕྱོགས་བསྡོམས་གྲོས་ཚོགས་ཐོག་གསུང་བཤད་ཀྱང་གནང་ཡོད་པ་རེད།
        སྤྱི་ཚེས་13ཉིན་གྱི་སྔ་དྲོ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་གློག་འོད་རྣམ་པར་བཀྲ་ཞིང་། རྣམ་པ་ཧ་ཅང་གི་འཁྲུག་ཆ་དོད་པོ་ཡོད། ཆུ་ཚོད་11ཐོག ཞི་ཅིན་ཕིང་སོགས་དེ་གར་ཕེབས་པས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་མཛའ་བརྩེའི་སྤེལ་རེས་གནང་བ་མ་ཟད་དྲན་རྟེན་སྐུ་པར་ཡང་བསྐྱོན་ཡོད་པ་རེད།
        ཉིན་ཤས་གོང་། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་དང་སྐོང་ཚོགས་གནང་ནས་རྟེན་འབྲེལ་བྱེད་སྒོའི་ཕྱོགས་བསྡོམས་སྙན་ཞུར་གསན་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དེ་ནི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་གནས་བབ་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཟུང་བའི་བཀོད་སྒྲིག་གལ་ཆེན་ཞིག་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག རྟེན་འབྲེལ་བྱེད་སྒོ་གྲ་རྒྱས་ཕུན་ཚོགས་བྱུང་ནས་མཛད་སྒོའི་ཚོར་བ་དང་། ཞུགས་པའི་ཚོར་བ། དེང་རབས་ཚོར་བ་བཅས་བླ་ལྷག་ཏུ་མངོན་ཞིང་། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ཉམས་སྣང་། ཀྲུང་གོའི་བརྗིད་ཉམས་བཅས་ཀྱིས་ཕྱུག་པ་ཞིག་གཉེར་བ་དང་། བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད། མི་སེམས་འགུལ་བ། ངར་ཤུགས་འཕེལ་བ་བཅས་ཀྱི་ནུས་པ་ཐོན་ནས་སྔོན་དཔག་ལྟར་ཡོངས་སུ་ལེགས་གྲུབ་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཐེངས་འདིའི་རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་གྱི་ཚན་པ་མང་བ་དང་། མི་སྣ་མང་བ། དུས་ཚོད་རིང་བ། མཐུན་སྦྱོར་དཀའ་བ་བཅས་ཡོད་རུང་། རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གང་དེའི་ལས་དོན་ཚན་པ་དང་འབྲེལ་ཡོད་ཕྱོགས་ཁག་དང་ས་གནས་ཁག་གི་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཚད་གཞི་མཐོ་པོས་ཇུས་འགོད་དང་གནས་ཚད་མཐོ་པོས་མཐུན་སྦྱོར། ཆུ་ཚད་མཐོ་པོས་ལག་བསྟར་བྱས་ཏེ། གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པ་དང་རྟེན་འབྲེལ་བྱེད་སྒོ་ཉིད་ཏང་གི་རྒྱས་འཛོམས་ཤིག་དང་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་གཉེར་ཡོད་ཅེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྟེན་འབྲེལ་བྱེད་སྒོའི་གྲུབ་ཆ་གཙོ་བོའི་ལས་དོན་ཐུགས་གྲ་ལེགས་སྒྲིག་བྱུང་རུང་། བྱེད་སྒོའི་གྲུབ་འབྲས་རྒྱ་ཆེ་གཏིང་ཟབ་ཏུ་གཏོང་བར་ད་དུང་ལས་དོན་འབོར་ཆེན་ཞིག་བསྒྲུབ་དགོས། རྟེན་འབྲེལ་བྱེད་སྒོ་ལས་བྱུང་བའི་སྤྲོ་སེམས་འཕེལ་བ་དང་དྲང་བདེན་ནུས་པ་བེད་གང་ལེགས་སྤྱད་དེ། སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་བློ་གྲོས་སློབ་སྦྱོང་དང་བེད་སྤྱོད་གཏོང་བའི་ཁྲོད་ལོ་རྒྱུས་ཀྱི་རང་རྟོགས་མཐོར་འདེགས་དང་ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་དགོས། ལོ་རྒྱུས་དང་སྤྱི་ཡོངས་གནས་བབ་ཀྱི་མཐོ་ཚད་ནས་ཏང་དེ་ཉིད་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྱོང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་ལྟེ་བར་འགྱུར་རྒྱུར་འགན་ལེན་བྱེད་དགོས། འཛམ་གླིང་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་སྔར་བས་ཡག་པ་བརྗོད་དགོས་པ་དང་། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ནུས་ལྡན་ངང་ཆེ་རུ་གཏོང་དགོས། རྟེན་འབྲེལ་བྱེད་སྒོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་མོའི་མཛད་སྒོའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རྟེན་འབྲེལ་བྱེད་སྒོའི་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྒོ་ཀུན་ནས་རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་རྒྱ་སྐྱེད་ཟབ་ཏུ་གཏོང་དགོས་པ་དང་། རིགས་ཁག་གི་ལས་དོན་ལ་འབད་པ་ཆེན་པོས་སྐུལ་འདེད་བཏང་སྟེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འགོ་ཡག་པོ་འཛུགས་རྒྱུ་དང་གོམ་སྟབས་ཡག་པོ་སྤོ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་ཡོད།
        གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
        ཝང་ཧུའུ་ཉིང་གིས་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་གཉེར་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། རྟེན་འབྲེལ་བྱེད་སྒོའི་གྲབས་གཉེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས། རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་རྒྱ་ཆེ་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱེད་དགོས།  རྟེན་འབྲེལ་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་གཉེར་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་ཀྱི་འབྲས་བུ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག མི་དམངས་མང་ཚོགས་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ལས་དོན་ལས་ཁུངས་ཁག་དང་དེའི་ནང་ཞུགས་མཁན་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་བཅས་ཡིན་པས། ལེགས་གྲུབ་ལྡན་པའི་བྱ་ཐབས་དང་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ཐོག རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་གཏིང་ཟབ་བཅས་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་ཡག་པོ་གཉེར་བ། རྟེན་འབྲེལ་བྱེད་སྒོའི་གྲུབ་འབྲས་ཀྱི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་པ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་རྟེན་འབྲེལ་བྱེད་སྒོའི་སྐུལ་སློང་གི་སྤྲོ་སེམས་དེ་འགན་འཁྲི་བསྒྲུབ་རྒྱུ་དང་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་ལ་འགྱུར་རྒྱུའི་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་ཡོད།
        རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲེ། ཀྲང་ཡིའུ་ཞ། ཁྲེན་ཞི། ཧོང་ཁུན་མིང་། ཚའེ་ཆི། ཤའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཐུག་འཕྲད་ནང་ཞུགས་གནང་བ་མ་ཟད། གྲོས་ཚོགས་ལའང་ཞུགས་ཡོད།  རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། ལས་དོན་ལས་ཁུངས་ཁག་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན། དེ་བཞིན་ལས་དོན་མི་སྣ་དང་། བཅིངས་འགྲོལ་དམག་གི་དམག་མིའི་རོལ་ཆ་རུ་ཁག གཟབ་སྦྲེང་རུ་ཁག འཕུར་སྐྱོད་སྐས་རིམ་རུ་སྟར། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི། མཉམ་གཞས་ཚོགས་པ། འཁྲབ་སྟོན་མི་སྣ། བདེ་སྲུང་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་སྣ། དང་བླངས་པ། ཞབས་ཞུ་འགན་སྲུང་མི་སྣ། སྨྱན་སྦྱོར་ཚན་པའི་གསར་འགོད་པའི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1