ཞི་ཅིན་ཕིང་གིས་དོན་རྐྱེན་འདིའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-15
ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲེ་ཡན་གྲོང་ཁྱེར་ཀྲང་ཝན་ཁུལ་ཡན་ཧུའུ་སྡེ་ཁུལ་ཕྱོགས་བསྡུས་ཉོ་ཚོང་ཁྲོམ་རར་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་པའི་ཐད་གལ་ཆེའི་མཛུབ་སྟོན་གནང་ནས། རིགས་ཁག་གི་བདེ་འཇགས་མངོན་མེད་ཉེན་ཁ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་དང་། ལི་ཁེ་ཆང་གིས་རོགས་སྐྱོབ་ལས་དོན་ལ་མཆན་འགོད་མཛུབ་སྟོན་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ6པའི་ཚེས13ཉིན་གྱི་ཆུ་ཚོད་6དང་སྐར་མ40ཙམ་ལ། ཧུའུ་པེ་ཧྲེ་ཡན་གྲོང་ཁྱེར་ཀྲང་ཝན་ཁུལ་ཡན་ཧུའུ་སྡེ་ཁུལ་ཕྱོགས་བསྡུས་ཉོ་ཚོང་ཁྲོམ་རར་སོལ་རླངས་འབར་གས་ཀྱི་དོན་རྐྱེན་ཐོན་པ་རེད། སྤྱི་ཚེས13ཉིན་གྱི་དགོང་མོ་བར་སླེབས་སྐབས། དོན་རྐྱེན་དེའི་ཁྲོད་མི12རྐྱེན་ལམ་དུ་ཤོར་བ་དང་། མི37ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། དེ་མིན་མང་ཚོགས་འགའ་ཤས་ལ་ཚད་གཞི་མི་འདྲ་བའི་རྨས་སྐྱོན་ཕོག་པ་རེད།
དོན་རྐྱེན་ཐོན་པའི་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་དུ་གལ་ཆེའི་མཛུབ་སྟོན་གནང་ནས། ཧུའུ་པེ་ཧྲེ་ཡན་གྲོང་ཁྱེར་དུ་ཐོན་པའི་སོལ་རླངས་འབར་གས་དོན་རྐྱེན་ནང་མི་སྣ་འཆི་རྨས་ཚབས་ཆེན་བྱུང་བས། དེ་ནི་སྣ་བསུན་ཆེན་པོ་ཞིག་རེད། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། འཆི་རྨས་བྱུང་བའི་མི་སྣའི་གཉེན་ཉེར་སེམས་གསོ་བྱེད་པ་སོགས་ཀྱི་རྗེས་འཇུག་ལས་དོན་ཁག་ལེགས་པོ་སྒྲུབ་པ་དང་། དོན་རྐྱེན་གྱི་རྒྱུ་རྐྱེན་གང་མགྱོགས་རྩད་ཞིབ་གསལ་པོ་བྱས་ཏེ་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གིས། ཉེ་དུས་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་སློབ་རའི་བདེ་འཇགས་ཀྱི་དོན་རྐྱེན་མི་ཉུང་བ་ཐོན་ཡོད་པས། ས་གནས་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་དཔེ་བཞག་རིགས་འགྲེ་དང་འགན་འཁྲི་ནན་འདེད་བྱེད་པ། ཆབ་སྲིད་ཀྱི་རྫི་རྣོ་རུ་གཏོང་བ། རིགས་ཁག་གི་བདེ་འཇགས་ཉེན་ཁ་ཡོངས་བཤེར་བྱེད་པ། ཚབས་ཆེའི་ཐོལ་བྱུང་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་པ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་འཕྲལ་སྒྲུབ་ཉེན་སྐྱོབ་དང་རྨས་མ་སྐྱོབ་བཅོས་ལས་དོན་སྒྲིག་འཛུགས་བྱས་ཏེ། འཆི་རྨས་ཀྱི་གནས་ཚུལ་ཉུང་དུ་གཏོང་གང་ཐུབ་བྱེད་པ། དོན་རྐྱེན་གྱི་འབྱུང་རྐྱེན་རྩད་ཞིབ་ཁ་གསལ་བྱེད་པ་དང་། བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། ཉེ་ལམ་བདེ་འཇགས་དོན་རྐྱེན་མང་པོ་ཞིག་ཐོན་མུས་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་། འཕྲལ་སྒྲུབ་དོ་དམ་པུས་ས་གནས་ཁག་གིས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དང་མངོན་མེད་ཉེན་ཁ་ཡོངས་བཤེར་བྱས་ཏེ། ཚབས་ཆེའི་དོན་རྐྱེན་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་ལྟར། འཕྲལ་སྒྲུབ་དོ་དམ་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ལས་དོན་ཚོགས་ཆུང་ཡུལ་དངོས་སུ་དོན་རྐྱེན་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ནད་ལྕིའི་གསོ་རིག་དང་། འཚིག་རྨས། སེམས་གསོའི་རིགས་གཅིག་མཁས་ཅན་སོགས་ལས་གྲུབ་པའི་རྒྱལ་ཁབ་རིམ་པའི་སྨན་བཅོས་རིགས་གཅིག་མཁས་པའི་ཚོ་ཆུང་ཡུལ་དངོས་སུ་དོན་རྐྱེན་གྱི་ཛ་དྲག་གསོ་རིག་སྐྱོབ་བཅོས་ལས་དོན་ལེགས་པོ་སྒྲུབ་རྒྱུར་མཛུབ་ཁྲིད་བྱེད་དུ་སླེབས་ཡོད།
ཧུའུ་པེ་ཞིང་ཆེན་དང་ཧྲེ་ཡན་གྲོང་ཁྱེར་གྱི་ཏང་སྲིད་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་སུ་ཐག་གཅོད་བཀོད་སྒྲིག་ལས་དོན་ལ་བཀོད་འདོམས་བྱེད་བཞིན་ཡོད། མིག་སྔར། ཡུལ་དངོས་ཀྱི་སྐྱོབ་བཅོས་དང་རྨས་མ་སྐྱོབ་བཅོས་སོགས་ཀྱི་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་རེད།