ཞི་ཅིན་ཕིང་གིས་བྷང་ག་ལར་བརྙན་མཐོང་ཤིས་ཚིག་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞི་ཅིན་ཕིང་གིས་བྷང་ག་ལར་བརྙན་མཐོང་ཤིས་ཚིག་གནང་བ། སྤེལ་དུས། 03-19


        ཞི་ཅིན་ཕིང་གིས་བྷང་ག་ལས་རྒྱལ་འཛུགས་པ་མུའུ་ཅེ་པུའུ་ལ་ཧོ་མན་སྐུ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བ་དང་། རང་བཙན་ཐོབ་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བརྙན་མཐོང་ཤིས་ཚིག་བསྐུར་གནང་བ།

        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་3པའི་ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལས་རྒྱལ་འཛུགས་པ་མུའུ་ཅེ་པུའུ་ལ་ཧོ་མན་སྐུ་འཁྲུངས་ནས་ལོ་100འཁོར་བར་དྲན་གསོ་ཞུ་བ་དང་། རང་བཙན་ཐོབ་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་བརྙན་མཐོང་ཤིས་ཚིག་བསྐུར་གནང་བ་དང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཙུང་ཐུང་ཧ་སྨི་ཏེ་དང་ཙུང་ལི་ཧ་ཤི་ན། དེ་བཞིན་བྷང་ག་ལའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་པར་དག་པའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
        ཞི་ཅིན་ཕིང་གིས། ལོ་ངོ་50ཡི་གོང་། སྐུ་ཞབས་མུའུ་ཅེ་པུའུ་ལ་ཧོ་མན་སྐུ་ངོ་མས་བྷང་ག་ལའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་གནང་བ་རེད། ཁོང་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཞིག་ཡིན་ཞིང་། ཀྲུང་གོར་འཚམས་འདྲི་ཐེངས་གཉིས་གནང་མྱོང་བ་དང་། ཀྲུང་གོའི་འགོ་ཁྲིད་རྒན་རབས་པ་དང་མཛའ་གྲོགས་ཟབ་མོ་བཙུགས་ཡོད། ང་ཚོས་འགོ་ཁྲིད་རྒན་རབས་པ་རྣམ་པས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་གོང་འཕེལ་ཆེད་ལེགས་སྐྱེས་ཕུལ་བ་ཡིད་ལ་བརྟན་པོར་བཅངས་ནས་ ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་རྒྱུད་སྤྲོད་ཡག་པོ་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་དང་།
        ཁོང་གིས། བྷང་ག་ལར་རང་བཙན་ཐོབ་ནས་ལོ་ངོ་50སོང་རིང་། རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་ཡོད། མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་ནས་ང་ཚོ་དགའ་སྤྲོ་དཔག་མེད་སྐྱེས་བྱུང་ཞེས་གསུངས་པ་དང་།
        ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷང་ག་ལ་ནི་གནའ་ནས་བཟུང་མཛའ་གྲོགས་ཁྱིམ་མཚེས་ཡིན་ཞིང་། གནའ་བོའི་དར་གོས་ལམ་བུས་རྒྱལ་ཁབ་གཉིས་པོའི་ལོ་ངོ་སྟོང་གི་མཛའ་གྲོགས་ལ་བདེན་དཔང་བྱས་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་46སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་བལྟ་སྟངས་འཛིན་པ་དང་། ཕན་ཚུན་རྒྱབ་སྐྱོར་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ཡོད། མིག་སྔར་ཀྲུང་གོ་དང་བྷང་ག་ལ་གཉིས་པོ་དར་རྒྱས་གོང་འཕེལ་འགྲོ་བའི་འགག་རྩའི་དུས་རིམ་ལ་སླེབས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་དང་གསེར་མདོག་གི་བྷང་ག་ལ་ཞེས་པའི་ཕུགས་འདུན་གཉིས་ཕན་ཚུན་མཐུན་ཡོད་ཅིང་། ཀྲུང་གོ་དང་བྷང་ག་ལ་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བདེ་སྐྱིད་བསྐྲུན་ཐུབ། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རྒྱལ་ཁབ་གཉིས་པོས་དུས་ངན་མཉམ་སེལ་དང་ཕན་ཚུན་རོགས་རམ་བྱས་པ་དང་། ཀྲུང་གོའི་ཁེ་ལས་ནས་འཛུགས་སྐྲུན་ནང་ཞུགས་པའི་བྷང་ག་ལའི་རྣམ་གྲངས་གལ་ཆེན་ལ་འགག་གཏོར་རང་བཞིན་གྱི་འཕེལ་རིམ་ཐོབ་ཡོད་པ་དང་། བྷང་ག་ལའི་ཁྲལ་བསྡུའི་ཚོང་ཟོག་ 97%ཀྲུང་གོར་བཏང་བར་སྒོ་ཁྲལ་མེད་པ་བཟོ་རྒྱུར་དངོས་སུ་ནུས་པ་ཐོན་ཡོད་ཅེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ང་རང་ནས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་གོང་འཕེལ་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད། བྷང་ག་ལའི་ཕྱོགས་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། བྷང་ག་ལ་དར་རྒྱས་ཕུན་ཚོགས་ཡོང་བ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུད་སྤྲོད་དང་མི་ཉམས་ཡུན་གནས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1