ཟླ་2ཚེས་1ཉིན། G4218གཡག་རྔ་ནས་ཡེ་ཁྲེན་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་གྲུ་ལམ་བུའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ(ཚོད་འཛིན་རང་བཞིན་གྱི་ལས་གྲྭ)ལྷ་ས་ལམ་བུར་རླངས་འཁོར་ཤར་གཏོང་གི་ཚོད་ལྟ་འགུལ་སྐྱོད་བྱས་པ་རེད། ལམ་བུ་དེར་ཁྱོན་རིང་ཚད་སྤྱི་ལེ་40ཡོད་པ་དང་སྤྱི་ཚོགས་ཐོག་གི་རླངས་འཁོར་ཆུང་གྲས་དང་ཞིབ་མཆན་ཐོབ་པའི་དམིགས་བསལ་རླངས་འཁོར་ལ་འགྲིམ་འགྲུལ་ཆོག་པའི་སྒོ་ཕྱེ་བ་དང་རིན་མི་ལེན་པའི་ཤར་བགྲོད་བྱེད་འཇུག་རྒྱུ་རེད། ལམ་བུ་དེར་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་ཆུ་ཤུར་རྫོང་ནས་ལྷ་ས་གྲོང་ཁུལ་བར་གྱི་ལམ་ཐག་ཆུ་ཚོད་ཕྱེད་ཀ་ཙམ་ལས་མི་དགོས་པར་ལམ་ཐག་ཐུང་དུ་ཕྱིན་ཡོད་པ་དང་། བོད་ལྗོངས་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་728ཟིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། G4218གཡག་རྔ་ནས་ཡེ་ཁྲེན་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་གྲུ་ལམ་བུའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭ་ནི་བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། དེས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་འབྲེལ་མཐུད་བྱེད་ཡོད་པས་བོད་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”ལ་ཞུགས་པ་དང་ཨེ་ཤ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་རེད། ལས་གྲྭ་དེ་ཁྱོན་ཡོངས་ནས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་དུ་སླེབས་པའི་མྱུར་བགྲོད་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་རེད།
ལྷ་ས་ནས་གཞིས་རྩེའི་གནམ་ཐང་ལམ་བུའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་ལྷ་སའི་ལམ་དུམ་འགོ་འཛུགས་ས་ནི་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་དང་ཤེལ་གྲོང་བར་ཕན་ཚུན་ཤར་གཏོང་ཐུབ་གནས་ནས་ཡིན་ཞིང་། མཇུག་གནས་དེ་ཆུ་ཤུར་རྫོང་ཚ་རགས་ཞབས་ཞུ་ཁུལ་དུ་གནས་ཤིང་། སྤྱིའི་རིང་ཚད་སྤྱི་ལེ་40ཟིན་པ་དང“རིམ་པ་དང་པོའི་གཞུང་ལམ་དང་། ཁྱོན་ཡོངས་སྣོལ་འདྲེན། ཆ་ཤས་ཀྱི་འགྲོ་འོང་ཚོད་འཛིན”བཅས་ཀྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱས་པ་དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100དང་། ཕྱོགས་གཉིས་དང་འཁོར་ལམ་བཞི་ལྡན་པ་བཅས་འཆར་འགོད་བྱས་ཡོད།
བོད་རང་སྐྱོང་ལྗོངས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་G4218གཡག་རྔ་ནས་ཡེ་ཁྲེན་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ཁོངས་ཀྱི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་ལམ་བུའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་ལྷ་སའི་ལམ་དུམ་གྱི་བཀོད་འདོམས་པ་ཉི་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་2019ལོའི་ཟླ་3ཚེས་20ཉིན་སྐྲུན་འགོ་ཚུགས་པ་དང་2021ལོའི་ཟླ་1ཚེས་22ཉིན་ལས་གྲྭ་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས་ཡོད་པས་ལས་གྲྭའི་སྤུས་ཚད་ལ་ཚད་ལོན་པའི་དཔྱད་བསྡུར་གཏན་འབེབས་ཐོབ་ཡོད།
ལྷ་ས་ནས་གཞིས་རྩེའི་གནམ་ཐང་ལམ་བུའི་བར་གྱི་བསྐྱུར་སྐྲུན་ལས་གྲྭའི་ལྷ་སའི་ལམ་དུམ་ལ་རླངས་འཁོར་ཤར་གཏོང་ཚོད་ལྟ་བྱས་པ་དེས་བོད་ལྗོངས་གཞུང་ལམ་དྲ་བའི་གྲུབ་ཚུལ་སྔར་ལས་འཐུས་ཚང་བཏང་བ་དང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་བ། ལམ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་བདེ་ཐང་སྟབས་བདེའི་ངང་འགྲོ་སྐྱོད་ཐུབ་པ། རྒྱལ་སྲུང་བདེ་འཇགས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་འགན་སྲུང་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། (http://tibet.people.com.cn/15836898.html)