འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་1པོའི་ཚེས་26ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕན་ཚུན་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་དང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ་2020ལོ་ནས་བཟུང་། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་པ་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་ཞིང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་བ་གཏིང་ཟབ་བྱུང་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་ཕྱོགས་གཉིས་པོས་གོ་ཆོད་ནུས་ལྡན་གྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱས་ནས་མཉམ་དུ་རིམས་ནད་འགོག་བཅོས་ཀྱི་དཔེ་མཚོན་བཏོད་པའི་ཐོག་ནས། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མངོན་ཡོད། ཕྱོགས་གཉིས་པོས་མཉམ་འགོག་མཉམ་འཛིན་གྱི་མཉམ་ལས་ལམ་སྲོལ་དང་སྟབས་བདེའི་བགྲོད་ལམ་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཞབས་ཞུ་སྒྲུབ་ནས། ས་ཁུལ་དང་རྒྱལ་སྤྱིའི་རིམས་ནད་འགོག་བཅོས་མཉམ་ལས་ལ་རོགས་འདེགས་བྱ་དགོས། སང་ལོ་ནི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གཏིང་ཟབ་འགྲོ་བའི་གོ་སྐབས་གསར་པ་ཐོབ་ཡོད། ང་རང་ནས་ཁྱེད་དང་ལྷན་དུ་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རིག་གནས་སྤེལ་རེས་ལོ་དངོས་སུ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱ་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་སྟེགས་བུ་བེད་སྤྱོད་ཡག་པོ་བྱ་རྒྱུ་དང་། ཕྱོགས་གཉིས་པོའི་འབྲེལ་བའི་ལོ་ངོ་30ཡི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱ་རྒྱུ། འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་བྱ་རྒྱུ། མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་ནི་ཕན་ཚུན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། ན་ནིང་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་ལྡོག་འཕར་བྱུང་ནས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མཉམ་ལས་ཀྱི་གསབ་རེས་རང་བཞིན་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ར་སྤྲོད་ཐུབ་ཡོད། ཕྱོགས་གཉིས་པོས་ང་ཚོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་མགྱོགས་སུ་གཏོང་བ་དང་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་ངོས་འཛིན་བྱུང་བ་དོན་འཁྱོལ་ནན་ཏན་བྱས་ཏེ་གཉིས་ཕན་མཉམ་ལས་ཟམ་མི་ཆད་མེད་པར་རྒྱ་ཆེར་བཏང་ནས། སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དུས་མཚམས་གཉིས་པའི་དབྱེ་འབྱེད་གྲོས་མོལ་མགྱོགས་མྱུར་ལེགས་སྒྲུབ་བྱས་ནས། ས་ཁོངས་ཁྱོན་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་གང་སྔ་ནུས་པ་ཐོན་རྒྱུ་དང་། ཀྲུང་གོ་དང་ལྗར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ལྷོ་ཁོ་རེ་ཡ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཐད་མཐུན་སྦྱོར་བྱ་ཤུགས་ཆེ་རུ་བཏང་ནས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱ་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
ཝུན་ཙའེ་དབྱིན་གྱིས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྟོབས་ཆེའི་འགོ་ཁྲིད་འོག ཀྲུང་གོར་རིམས་ནད་འགོག་བཅོས་ལ་གྲུབ་འབྲས་ཐོབ་པས་གོ་ལ་ཧྲིལ་པོའི་དཔལ་འབྱོར་མ་ལག་ཁྲོད་དཔལ་འབྱོར་གཙང་འཕར་བྱུང་བའི་རྒྱལ་ཁབ་ཉག་གཅིག་དེར་གྱུར་ནས། ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་ཕྱིན་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་སྟབས་གལ་ཆེན་སྤོས་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་མཚམས་འདིར། སྐུ་ཉིད་དང་ལྷན་དུ་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་རིག་གནས་སྤེལ་རེས་ལོ་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་བྱུང་བར་ང་རང་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་རིམས་ནད་འགོག་བཅོས་བྱས་པ་བརྒྱུད། མཛའ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོ་དང་སྤེལ་རེས་དམ་ཟབ་བྱས་ནས་རྒྱལ་དམངས་ཀྱི་མཛའ་ཤེས་ཟབ་ཏུ་གཏོང་བ་དང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་ཉོ་ཚོང་། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་གནད་དོན་ཐད་འདོན་སྤེལ་བྱས་པའི་འགོ་ཁྲིད་ནུས་པར་ལྷོ་ཁོ་རེ་ཡའི་ཕྱོགས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད་ལ་ཀྲུང་གོའི་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་གོང་འཕེལ་སོགས་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།