“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་རིམ་པ་ཁག་གི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཕྲི་དངུལ་གཅོག་གི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཤིང་། བསྡོམས་རྩིས་བྱས་པ་ལྟར་ན། 2016ལོ་ནས2020ལོའི་བར། བོད་ལྗོངས་སུ་ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར636.15ཟིན་པའི་ནང2019ལོར་གཞི་ཁྱོན་དེ་བས་ཆེ་བའི་ཁྲལ་འཕྲི་དངུལ་གཅོག་ལག་བསྟར་བྱས་ཚུན2020ལོའི་ཟླ9པ་བར་གསར་དུ་འཕར་བའི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར99.95ཟིན་ཡོད།
2016ལོ་ནས་ད་བར་བོད་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས“ཚོང་གཉེར་དཔྱ་ཁྲལ་གནས་ཐང་འཕར་ཁྲལ་དུ་བསྒྱུར་བ”དང་གནས་ཐང་འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྒེར་འབབ་དཔྱ་ཁྲལ་གྱི་སྲིད་ཇུས་གསར་པ་དོན་འཁྱོལ་བྱེད་པ། ཁེ་ལས་ཆུང་གྲས་ལ་ཀུན་ཕན་རང་བཞིན་གྱི་སྲིད་ཇུས། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དམའ་རུ་གཏོང་བ། སྐོར་བདུན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་དང་བསྐྱར་ལས་དང་ཐོན་སྐྱེད་བསྐྱར་མའི་ཁྲལ་འཕྲི་དངུལ་གཅོག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས28ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། གངས་ལྗོངས་ས་མཐོའི་ཁྲོམ་རའི་བྱེད་པོ་མང་པོར་མིག་མཐོང་ལག་ཟིན་གྱི་གཟིགས་སྐྱོང་དང་དངོས་ཕན་ཐོབ་ཡོད་པ་རེད།
འདི་ནི་བོད་ལྗོངས་ཀྱི་ཁྲལ་དོན་ལས་བྱེད་པས་ཁྲལ་འཇལ་བར་ཁྲལ་འཕྲི་དངུལ་གཅོག་གི“ལེགས་སྐྱེས་ཆེན་པོ”འགྲེལ་བརྗོད་ཞིབ་ཕྲ་གནང་བཞིན་པ་རེད།
ཁྲལ་འཕྲི་དངུལ་གཅོག་གིས་བོད་ལྗོངས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
བོད་ལྗོངས་སྲོང་བཙན་གཡུ་ལུང་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་ནི་བོད་ཀྱི་རིག་གནས་ཁྱད་ཆོས་སུ་བྱེད་པ་དང་ཨར་ཁང་། ཡུལ་སྐོར། སྤྱི་ཕན། དེ་བཞིན་རིག་གནས་བརྒྱུད་སྤེལ་བཅས་ཀྱི་ཚུད་ཡོད་པའི་ཡུལ་སྐོར་རིག་གནས་ཁེ་ལས་ཤིག་རེད། ད་ལོའི་ཡུལ་སྐོར་བྲིན་ཤོས་ཀྱི་ཟླ10པར། ངོ་མཚར་ཆེ་བའི་ཡུན་ནན་དང་བོད་ལྗོངས་ཀྱི་ཇ་རྟ་གནའ་ལམ་གྱི་ཡུལ་སྐོར་ལམ་ཐིག་གིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བའི་ཡིད་དབང་བཀུག་ནས་གནའ་དཔྱད་འཚོལ་ཞིབ་བྱས་པ་དང་རིག་གནས་ཡུལ་སྐོར་ལས་རིགས་སླར་གསོ་ཐུབ་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་འགན་ནུས་འདོན་སྤེལ་བྱས་ཏེ། རང་རྟོགས་ངང་ཁྲལ་བསྡུའི་གྲངས་གཞི་ཆེ་མོའི་དགེ་མཚན་དེ་ཀུང་སིའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀུང་སི་དེའི་ལས་ཀ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
རྒྱུས་ལོན་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ཀུང་སི་དེས་གནས་ཐང་འཕར་ཁྲལ་སྒོར་ཁྲི150ལྷག་ཙམ་ཆག་ཡང་དུ་བཏང་བས་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དང་ཡིད་ཆེས་འཕེལ་ཡོད། དེ་དང་ཆབས་ཅིག་སྲིད་ཇུས་དེས་ཀྱང་བོད་ལྗོངས་རིག་གནས་ཡུལ་སྐོར་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པར“ཁྲལ་བསྡུའི་སྒུལ་ཤུགས”བསྣན་ཡོད་པ་རེད།
ཁྲལ་རིན་གཉིས་གཅོག་གིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ནས་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པ།
བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་གི་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་ནི་རྩམ་པ་རིགས་ཀྱི་བཟའ་བཅའ་གཉེར་སྐྱོང་བྱེད་མཁན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་ཤིག་ཡིན་ཏེ། ནས་རྒྱུ་ཆར་བྱས་པའི་རྩམ་པ་རིགས་ཀྱི་བཟའ་བཅའ་ལས་སྣོན་ཐོན་སྐྱེད་གཙོ་གཉེར་་གནང་གི་ཡོད་པ་རེད། བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ཁེ་ལས་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱ་ཆེད་ཆེད་མི་བཀོད་སྒྲིག་བྱས་ནས་སྦྲེལ་མཐུད་བྱས་ཤིང་། ཁེ་ལས་དེ་གར་བཅར་འདྲིར་བསྐྱོད་དེ་ཁེ་ལས་ལ་མཁོ་བའི་དགོས་མཁོ་ཤེས་རྟོགས་བྱས་པ་མ་ཟད། དོན་དངོས་ཀྱི་བྱ་བའི་ཁྲོད་ནས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཀྱི་འཛིན་ཤོག་འབྲི་བ་དང་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཀྱི་རྩིས་ཁྲའི་ཐག་གཅོད། ཡོང་སྒོའི་ཁྲལ་འབབ་ཁ་འཐབ་དང་འཐེན་འཕྲི་སོགས་ཁྲལ་འབྲེལ་ལས་དོན་ཐད་ཀྱི་ཞན་ཆ་དང་མི་འདང་ས་ཐག་གཅོད་བྱས་པ་རེད།
ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཁྲལ་འཕྲི་དངུལ་གཅོག་བྱས་པ་དེས་ཁེ་ལས་ཀྱི་ཁུར་པོ་རིམ་རྩིས་བྱས་ན་སྒོར་ཁྲི120ལས་བརྒལ་པ་ཡང་དུ་བཏང་ཡོད་པ་དང་། 2020ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་རྒྱལ་ཁབ་ཀྱིས་དེ་མཚུངས་ཀྱི་ཁྲལ་འབབ་ཆག་ཡང་དུ་གཏོང་རྒྱུ་རེད། མིག་སྔར་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་མགྱོགས་མྱུར་སླར་གསོ་བྱེད་བཞིན་ཡོད་པ་དང་ད་ལོའི་ཐོན་ནུས་ཀྱང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།
2020ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་ཏེ། ཟླ་དང་པོ་ནས་བརྒྱད་པའི་བར། བོད་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར35.31མང་དུ་ཕྱིན་ཡོད། དེའི་ནང་ད་ལོ་བཏོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལས་ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར21.62མང་དུ་ཕྱིན་ཡོད།
བོད་ལྗོངས་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་འཕྲི་དངུལ་གཅོག་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་ཁྲལ་བསྡུའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཁྲལ་འཕྲི་དངུལ་གཅོག་གི“ལེགས་སྐྱེས་ཆེན་པོའི”ཁྲོམ་རའི་གཙོ་གཟུགས་ཐད་ཀར་ཁྱབ་པ་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི“བརྟན་པོ་དྲུག”དང“འགན་ལེན་དྲུག”ལ་ཞབས་འདེགས་ཞུ་ཆེད་ཁྲལ་དོན་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།