༄༅། །རྟགས་འཇུག་ལ་དཔྱད་པའི་ལན་མདོར་བསྡུས་སུ་བརྗོད་པ་ནོར་བུ་སྦྱོང་བྱེད་ཅེས་བྱ་བ་བཞུགས་སོ།།

ཚུལ་ཁྲིམས་བློ་གྲོས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 12-11


རྒྱལ་བའི་མཁྱེན་གཏེར་ཆུ་མཚོ་བསྲུབས་པ་ལས། །

ཉེར་འཁྲུངས་ངག་གི་དབང་ཕྱུག་ཉིན་མོར་བྱེད། །
འགྲོ་ཀུན་ཡིད་ཀྱི་མུན་པ་འཇོམས་མཛད་པ། །
འཇམ་དབྱངས་གཞོན་ནུ་དུས་ཀུན་ཕྱག་གི་ཡུལ། །
མཁྱེན་རབ་འོད་ཟེར་དཀར་པོའི་སྣང་བ་ཡིས། །
གངས་ཅན་མུན་གླིང་གསལ་བའི་གཉེན་གཅིག་པུ། །
དྲན་དབང་བྱེ་བའི་གཙུག་རྒྱན་སམ་བྷོ་ཊའི། །
འཁོར་མེད་བཀའ་དྲིན་དྲན་བཞིན་སྙིང་ནས་འདུད། །
དེ་ཡི་དགོངས་ཟབ་ནོར་བུའི་མཛོད། །
རྣམ་དཔྱོད་འཕྲུལ་གྱིས་འབྱེད་མཁས་པ། །
གཙུག་ལག་ཆོས་ཀྱི་སྣང་བ་སོགས། །
མཁས་པའི་ཚོགས་ལའང་དང་བས་འདུད། །
     དེ་ཡང་བོད་གངས་ཅན་གྱི་བརྡ་སྤྲོད་རིག་པ་འདི་ཐོག་མར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མཚུངས་པ་མེད་པའི་ཐུགས་བསྐྱེད་ལས་སྐུ་དྲིན་ཅན་གྱི་སློབ་དཔོན་ཐོན་མི་སཾ་བྷོ་ཊས་བོད་རང་སྐད་ཀྱི་བབ་དང་མཐུན་ཞིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བརྗོད་བྱ་ཀུན་ལ་མ་ཁྱབ་པ་མེད་པ།  ཀློག་སྦྱང་སླ་ཞིང་།  མཐའ་ཆོད་པར་ཁོང་དུ་ཆུབ་པར་བྱར་ཡོད་པའི་ངོ་མཚར་གཞན་ལས་ཁྱད་དུ་འཕགས་པ་ཞིག་མཛད་དེ་ཁ་བ་རི་བའི་རིག་གཞུང་ཡོངས་ཀྱི་གཞི་གཅིག་པུར་བཞག་གོ། དེ་ནས་དུས་དབང་གིས་སུམ་རྟགས་ཀྱི་གཞུང་འདི་གཉིས་པོ་ཙམ་ལས་གཞན་རྣམས་ནུབ་པར་གྱུར་ཀྱང་མཁས་པ་རྣམས་ཀྱིས་གཞུང་འདི་གཉིས་ཀྱི་དངོས་ཤུགས་ཀྱི་བརྗོད་བྱ་སོགས་ལ་བརྟེན་ནས་སློབ་དཔོན་ཉིད་ཀྱི་དགོངས་པ་གསལ་བའི་རྒྱན་དུ་གྱུར་པའི་གཞུང་མང་རབ་ཅིག་མཛད་ཅིང་འཆད་ཉན་གྱིས་གཏན་ལ་ཕབ་པའི་བཀའ་དྲིན་གྱིས་དུས་ཕྱིས་ཀྱི་བར་དུ་བརྡ་སྤྲོད་ཀྱི་རྣམ་གཞག་ཁུངས་དང་འབྲེལ་ཞིང་ཆ་ཚང་བ་ཞིག་མ་ཉམས་པར་གནས་སོ། །ཉེ་བའི་ཆར་བོད་ཀྱི་རིག་གཞུང་ཡོངས་ལ་གཏོར་བརླག་ཚབས་པོ་ཆེ་ཐེབས་པས་ད་ལྟ་ནི་བོད་ཀྱི་གྲྭ་པ་རྣམས་ཀྱིས་འབྲི་ཀློག་དོད་ཙམ་རེ་དང་། སློབ་གྲྭ་རེ་ཟུང་རེའི་སློབ་མ་ཉུང་ཤོས་ཙམ་གྱིས་སུམ་རྟགས་སོགས་ལ་བློ་ཁ་ཅུང་ཟད་རེ་ཕྱོགས་པ་མ་གཏོགས་གཞན་ཞིང་འབྲོག་གི་བྱིས་པ་དང་ན་གཞོན་རྣམས་ཀྱིས་སུམ་རྟགས་སོགས་ཕར་ཞོག  ཐ་ན་འབྲི་ཀློག་དོད་ཙམ་རེ་ཤེས་མཁན་ཡང་ཉིན་མོའི་སྐར་མ་ལྟ་བུ་ཡིན་པ་མིག་གིས་ལྟ་སར་ཡོད་པ་འདི་ག་ལགས། ཚེ་ཏན་ཞབས་དྲུང་དང་། དམུ་དགེ་བསམ་གཏན་སོགས་མཁས་པ་རྣམ་དཔྱོད་དང་ལྡན་ཞིང་ཡ་རབས་དམ་པའི་སྤྱོད་པ་ལ་གནས་པ་རྣམས་ཀྱིས་སྐུ་ཚེའི་མཇུག་གི་ལོ་འགའ་རེའི་རིང་ལ་བརྡ་སྤྲོད་ཀྱི་གཞུང་རེའང་བརྩམས།  འཆད་ཉན་གྱི་སྲོལ་རེའང་བཏོད་པས་སྐྱ་ཆད་སྔོ་རྡུགས་ཀྱི་སྒང་འདིར་སྔ་ཕྱི་མཚམས་སྦྱོར་བྱེད་དུ་གྱུར་ཅིང་ཐ་སྙད་རིག་པའི་ཕྱོགས་ནས་སེམས་ཀྱི་རྟེན་སོ་ལྟ་བུར་གནས་པས་ཞེ་ཕུག་དྲོ་ཙམ་ཡོད་ཀྱང་ད་ནི་དེ་དག་ཀྱང་ཕ་རོལ་ཏུ་གཤེགས་པས་བོད་ཀྱི་བརྡ་སྤྲོད་རིག་པ་ནི་དྭ་ཕྲུག་མགོ་འཐོར་ལྟ་བུར་གྱུར་ཏོ། །དེ་ལྟར་གྱུར་པ་དེའི་ཚེ་ཡུལ་ག་གེ་མོ་ཞིག་ན་རང་རེའི་ཕ་མེས་ཀྱི་རིག་གཞུང་ལ་རྩིས་མེད་དུ་བཞག་སྟེ་གཞན་གྱི་ལད་མོ་འབའ་ཞིག་བྱེད་དོ་ཞེས་པའམ། ཡུལ་ག་གེ་མོ་ཞིག་ན་རང་རིགས་ཀྱི་རིག་གཞུང་དང་ཡུལ་ལུགས་ལ་གཙིགས་ཆེན་བྱེད་དོ་ཞེས་པའི་གཏམ་དག་ཐོས་པའི་ཚེ་བོད་ཀྱི་སྐྱེ་བོ་མང་པོ་ཞིག་གི་སེམས་ལ་དགའ་སྡུག་གི་རྣམ་འགྱུར་སོས་ཀའི་གནམ་ངོ་ལྟར་དུ་འོང་གིན་འདུག  གང་གི་ཕྱིར་ན། གལ་ཏེ་རང་རེའི་རིག་གཞུང་འདིའང་མ་བག་མར་ལེན་ཐབས་ལྟ་བུའི་སྤྱོད་ངན་དང་། སེམས་ཅན་ལ་འཚེ་བ་ཆོས་སུ་འཛིན་པ་ལྟ་བུའི་ལྟ་ངན་དག་སྟོན་བྱེད་ཅིག་ཡིན་ན་འདོར་བ་ལ་ཕངས་སེམས་མེད་མོད། རང་རེའི་གངས་ཅན་སྐྱེ་བོ་ཡོངས་ཀྱི་བགོ་སྐལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཙོ་བོར་གྱུར་པའི་རིག་གཞུང་རྣམས་ནི་འཛམ་གླིང་སྤྱི་ལ་མཁོ་གལ་ཆེ་ཞིང་། འདི་ཕྱི་གཉིས་ཀར་ཕན་ངེས་སུ་རིགས་པ་རྣམ་དག་གིས་ངེས་པ་གཏིང་ནས་རྙེད་རྒྱུ་ཡོད་པས་རིག་གཞུང་བཟང་པོ་འདི་རྣམས་ནི་ནམ་ཡང་ཉམས་པར་མ་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་སྨོན་པ་ལགས་སོ། །དེ་ལྟར་བསམས་ཤིང་གནས་པ་དེའི་ཚེ་མདོ་སྨད་ཕྱོགས་ཀྱི་བརྡ་སྤྲོད་རིག་པ་སྨྲ་བ་ཁ་ཅིག་གིས་སློབ་དཔོན་ཐོན་མིའི་རྟགས་འཇུག་ལ་སྐྱོན་མང་དུ་བརྗོད་པའི་དཔེ་ཞིག་མཐོང་སྟེ། ཁོང་གི་དགོས་པ་དང་དགོངས་གཞི་ཅན་གྱི་གསུང་ཡིན་ཡང་ཐང་། གང་ལྟར་ཡང་སྤྱིར་སྐྱེ་བོའི་སེམས་ཀྱི་འཆར་སྒོ་ལ་འདི་མེད་བྱ་བ་མེད་པས་དགག་པར་མི་ལང་ལ། ཁྱད་པར་དུ་ཡང་དེང་དུས་སུ་རྩོད་པ་དང་རྩོད་ལན་སོགས་འདི་རིགས་རང་གཞན་སུའི་ངོས་ནས་བསམས་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱི་སྲོལ་བཞིན་དོན་ལྡན་ཞིག་འོང་བ་ཆེས་དཀའ་བས་སྐྱེ་བོ་མཁས་བླུན་སུ་ལའང་ཕར་སྐྱོན་འདོགས་ཀྱིས་རྒོལ་འདོད་གཏན་མེད་མོད། འོན་ཀྱང་ཕ་མེས་ཀྱི་རིག་གཞུང་རྣམ་དག་ལ་སུན་ཅི་ཕྱིན་དུ་རྒོལ་བའི་སྲོལ་ངན་ཞིག་རྒྱུན་ཆགས་ན་ཤིན་ཏུའང་མི་རུང་བས་ལན་མཚོན་ཙམ་ཞིག་དགོས་ཤིང་། དེ་ཡང་ཆགས་སྡང་གི་ཀུན་སློང་མེད་པར་གཟུ་བོའི་བློས་རིགས་པའི་ལམ་གཙོ་བོར་བྱས་ཏེ་བརྗོད་ན་བློ་ལྡན་དག་མགུ་བར་འགྱུར་གྱི་ཁྲོ་བའི་རྒྱུར་མི་འགྱུར་རོ་སྙམ་དུ་བསམས་ཤིང་དྲན་དང་ཤེས་བཞིན་མངོན་དུ་བཞག་སྟེ་མདོ་ཙམ་བརྗོད་པ་ལ། ཐོག་མར་ཁོང་གི་ཞལ་ནས། བ་མོ་གསོན་པོ་ལས་འོ་མ་མི་ལེན་པར་ལོགས་རིས་ཀྱི་བ་ལས་འོ་མ་ལེན་བའི་དཔེ་ལྟར་ཚད་ཐུབ་ཀྱི་ཁ་སྐད་དང་གནའ་དང་ད་ལྟའི་མཁས་པའི་རྩོམ་རིག་གི་གླེགས་བམ་མང་པོར་དཔྱད་འཇུག་མི་བྱེད་པར། རྩ་བའི་ཚིག་ལ་ཞེན་ཆེ་ཞིང་། དེའི་ཚིག་དོན་གྱི་བཅས་མཚམས་ལས་འདར་མ་སྤོབས་པའི་གཞུང་ལུགས་ཁོ་ནར་ཡིད་རྟོན་བྱས་ཤིང་དེ་ལས་བརྡ་སྤྲོད་ཀྱི་རྣམ་བཞག་འཚོལ་བ་དང་། ཞེས་དང་། ཚན་རིག་དང་རིག་གནས་གང་ཡིན་ཡང་ཕྱི་རབས་ཀྱི་མི་རྣམས་ཀྱི་རིགས་པས་བརྡར་ཤ་བཅད་ནས་ཇེ་ལེགས་ཇེ་ཞིབ་ཏུ་བཏང་ནས་སྤེལ་བ་ཡིན་པར་མ་ཟད། སྔར་མེད་གསར་གཏོད་ཀྱི་ལམ་ནས་ཇེ་མང་ཇེ་མཚར་དུ་གོང་འཕེལ་དུ་གྱུར་པ་ཡིན་ཏེ། ཞེས་དང་། གལ་ཏེ་ཕྱི་རབས་ཀྱི་མི་རྣམས་ཀྱིས་རིགས་པའི་རྣམ་བཞག་གསར་གཏོད་བྱེད་མི་རུང་བའམ། བྱེད་མི་ནུས་ན། ངོ་མཚར་བསམ་ལས་འདས་པའི་འཕྲུལ་གྱི་སྦྱོར་བ་མང་པོ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་དག་དང་། ཚན་རིག་གི་གཞུང་མང་པོ་ཡང་འབྱུང་མི་སྲིད་དོ། །ཞེས་དང་། ཐོན་མིའི་རྩ་བ་གཉིས་དང་།  གྲུབ་མཐའ་རིས་མེད་ཀྱི་མཁས་པའི་འགྲེལ་བ་མང་པོར་རྟོག་ཞིབ་དག་ཐེར་བྱས་ཏེ་ལེགས་པའི་ཆ་རྣམས་བླངས། སྐྱོན་གྱི་ཆ་རྣམས་དོར། ཞེས་སོགས་དང་། སྐད་དང་ཡི་གེའི་ལག་ལེན་ཐོག་གི་ལོག་རྟོག་ཐེ་ཚོམ་ཆོད་ངེས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཚན་རིག་གི་གཞུང་ཞིག་གསར་རྩོམ་བྱེད་རྒྱུ་ནི་དེང་རབས་ཀྱི་བརྡ་སྤྲོད་རྟོག་ཞིབ་བྱེད་མཁན་ཡོངས་ཀྱི་ལས་སྐལ་དུ་བབ་འདུག་གོ  །ཞེས་གསུངས་སོ།  །དེ་ལ་སློབ་དཔོན་ཐོན་མིའི་རྩ་ཚིག་གི་བཅས་མཚམས་དང་དེའི་དགོངས་འགྲེལ་རྣམས་ལས་འདའ་མ་ནུས་པར་དེ་རྣམས་ལས་བརྡ་སྤྲོད་ཀྱི་རྣམ་གཞག་འཚོལ་བ་ནི་རི་མོའི་བ་ལས་འོ་མ་འབྱུང་དུ་རེ་བ་ལྟ་བུ་དང་། དེ་ལས་འདས་ཏེ་ཁ་སྐད་དང་གླེགས་བམ་མང་པོར་རྟོག་འཇུག་བྱས་ན་བ་གསོན་པོ་ལས་འོ་མ་ལེན་པ་ལྟ་བུ་ཡིན་ཞེས་པས་འགལ་བ་འདི་ལྟར་སྨྲས་ཏེ། འོ་ན་སྔོན་དང་ད་ལྟའི་གླེགས་བམ་མང་པོ་ལས་བརྡ་སྤྲོད་ཀྱི་རྣམ་གཞག་འཚོལ་བ་དེ་ཆོས་ཅན། ལོགས་རིས་ཀྱི་བ་ལས་འོ་མ་ལེན་པ་ལྟ་བུ་ཡིན་པར་ཐལ། གླེགས་བམ་རྩོམ་མཁན་སྔོན་དང་ད་ལྟའི་མཁས་པ་དེ་ཐམས་ཅད་བརྡ་སྤྲོད་ཀྱི་རྣམ་གཞག་ཐོན་མིའི་རྗེས་སུ་འབྲངས་པ་འབའ་ཞིག་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། མཁས་པ་དེ་རྣམས་ཀྱིས་རང་རང་གི་གཞུང་གི་བརྡ་སྤྲོད་ཀྱི་རྣམ་གཞག་རྣམས་ཐོན་མིའི་གཞུང་གི་དངོས་ཤུགས་ཀྱི་བསྟན་དོན་དུ་བཞེད་པ་ལས་ཐོན་མིའི་ལུགས་ལ་སྐྱོན་དུ་བལྟས་ཏེ་རང་ཉིད་ཀྱིས་བརྡ་སྤྲོད་ཀྱི་ཚུལ་གསར་གཏོད་བྱས་པར་ཁས་ལེན་པ་གཅིག་ཀྱང་མི་སྣང་བའི་ཕྱིར་ཏེ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ཞལ་ནས། དེའི་ཕྱིར་སྔར་གྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྐུ་དྲིན་གྱིས་བཀས་བཅད་པ་སྔ་ཕྱི་བར་གསུམ་གྱི་སྒོ་ནས་རྒྱ་གར་གྱི་པཎྚི་ཏ་དང་། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བསྒྱུར་ཅིང་འཆད་ཉན་གྱི་མགོ་ཚུགས་པ་ནས་བཟུང་ད་ལྟའི་བར་དུ་ཡི་གེའི་སྡེབ་སྦྱོར་ནི་སློབ་དཔོན་སཾ་བྷོ་ཊས་མཛད་པའི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་ཡན་ལག་དང་བཅས་པ་ཇི་ལྟ་བར་བྱས་ཏེ། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་བརྡ་སྤྲོད་པའི་རྣམ་གཞག་བྲིས་པ་དེ་དག་ཀྱང་ཆོས་ཅན། ལོགས་རིས་ཀྱི་བ་ལ་རེ་ནས་བྱུང་བའི་འོ་མར་ཐལ། ཐོན་མི་རྗེས་འབྲངས་དང་བཅས་པས་དངོས་ཤུགས་སུ་བཤད་ཟིན་པ་དེ་རྣམས་ཀྱི་བཅས་མཚམས་ལས་བརྒལ་ཐུབ་པའི་ཁྱད་ཆོས་ཆེན་པོ་ཞིག་གང་དུའང་མི་སྣང་བའི་ཕྱིར་རོ། །རྟགས་ཚད་མ། ཁྱབ་པ་ཁས། ཚད་ཐུབ་ཀྱི་ཁ་སྐད་ཅེས་ལོ་སྟོང་གཅིག་ལྷག་གི་རིང་ལ་བྱུང་བའི་བརྡ་སྤྲོད་སྨྲ་བ་གཅིག་གིའང་ཐུགས་ལ་མ་ཤར་བ་དེ་གང་ཞིག་ཡིན། སྤྱིར་རིག་པའི་རྣམ་གཞག་གསར་གཏོད་བྱ་མི་རུང་ཞེས་སུས་ཀྱང་མི་སྨྲ་སྟེ། ཁྱོད་ཀྱིས་གསར་གཏོད་ནུས་ན། ད་ལྟ་འཛམ་གླིང་གི་མི་རིགས་གཞན་པ་ཚོས་འཇིག་རྟེན་འཕུར་གྲུ་བཟོས་ཏེ་ཟླ་བ་དང་སྐར་མའི་སྟེང་དུ་འགྲོ། འཕྲུལ་ཆས་ཀྱི་མི་བཟོས་ཏེ་དགྲ་འདུལ་གཉེན་སྐྱོང་སོགས་ཉེར་མཁོའི་བྱ་བ་སྒྲུབ་ཏུ་འཇུག གློག་གི་ཀླད་པ་བཟོས་ཏེ་ངོ་མཚར་བའི་བྱ་བ་མང་པོ་བྱེད་བཞིན་འདུག་ན། རང་རེ་བོད་མི་རིགས་ཀྱིས་ཀྱང་དེ་ཚོ་བྱེད་མི་རུང་བ་མ་ཡིན་པས་དེ་འདྲའི་གསར་གཏོད་མཛོད་དང་ཡི་རངས་བ་ལས་ཅི་ཡོད་དེ། ཁོ་བོ་ཅག་གིས་ཀྱང་ང་ཚོ་བོད་མི་རིགས་ལའང་དེ་འདྲའི་ཤེས་རིག་ལག་རྩལ་ཞིག་ཡོད་ན་ཅི་མ་རུང་སྙམ་དུ་སྨོན་གནས་སུ་བྱེད་པའི་ཕྱིར་རོ། །དེ་འདྲ་ཅི་ཡང་མེད་པར་གསར་གཏོད་བྱ་དགོས་ཞེས་པའི་ཚིག་ཙམ་ཁ་ལ་ཁྱེར་ཏེ་ཕ་མེས་ཀྱི་རིག་གཞུང་ཅུང་ཟད་རེ་ལུས་ཡོད་པ་དག་ལ་ནན་གྱིས་སྐྱོན་འགེལ་བ་ནི་རང་གིས་རང་ལ་ཅོ་འདྲི་བར་ཟད་དོ།  །ཚན་རིག་གི་ངེས་ཚིག་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཇི་ལྟར་བཤད་པ་ཤེས་སམ། ཤེས་ན་ཐོན་མིའི་གཞུང་འདི་སྔར་ནས་ཚན་རིག་གི་གཞུང་དུ་གྲུབ་འདུག་ན་ད་གདོད་གསར་དུ་བརྩམ་དགོས་རྒྱུ་ཅི་ཞིག་འདུག  ཐོན་མིའི་རྩ་བ་གཉིས་སོགས་ལ་བརྟགས་ཏེ་སྐྱོན་གྱི་ཆ་རྣམས་འདོར་ཟེར་རྒྱུའི་སྐྱོན་དེ་གང་ཡིན། ཁྱོད་ཀྱི་འདིར་བརྗོད་པ་དེ་དག་ཡིན་ན། དེ་རྣམས་ནི་སྐྱོན་ཡིན་མིན་དེ་དང་དེའི་སྐབས་སུ་བརྟགས་པས་ཤེས་པར་འགྱུར་རོ། །དེས་ན་སྔོན་གྱི་མཁས་པའི་དགོངས་པ་བཞིན་ཕྱི་རབས་ཀྱི་མིས་ཇེ་ལེགས་ཇེ་ཞིབ་ཇེ་ཚང་དུ་གཏོང་བ་ནི་མི་ལེགས་པ་མེད་པར་མ་ཟད་ཤིན་ཏུའང་ལེགས་ལ། ཁྱད་པར་དུ་རང་རེའི་རིག་གཞུང་རྣམས་ཟུངས་ཟད་ཀྱི་ནད་པ་ལྟ་བུར་གྱུར་པའི་སྐབས་འདིར་གང་སུ་ཞིག་གིས་དེ་ལྟར་ནུས་པ་དེ་ནི་བསྟོད་བཀུར་བསྔགས་པའི་གནས་སུ་གྱུར་པ་ལས་ཅི་ཞིག་ཡོད། འོན་ཀྱང་སྡིག་པའི་ཕྲུ་གུ་མའི་གཤེད་དུ་གྱུར་པའི་དཔེ་ལྟར་སོང་ན་དེ་ལས་ཐ་ཆད་པའང་མེད་པས་གནས་འདི་ལ་གངས་ཅན་གཞོན་རབས་པ་རྣམས་ཀྱིས་ཅིས་ཀྱང་བག་ཡོད་མཛད་དགོས་སོ། །དངོས་དོན་ཁོང་ཉིད་ནས་རྟགས་འཇུག་གི་གཞུང་ལ་དཔྱད་པ་དྲུག་ཚན་གཅིག་གནང་འདུག་པ་ལས་དང་པོ་ནི།  རྟགས་འཇུག་རྩ་བར། ཕོ་ནི་ཕོ་དང་མོ་ལ་འཇུག །ཅེས་པར་ཁོང་གིས་སྐྱོན་བརྗོད་པ། མོ་ལ་འཇུག་ཅེས་པའི་ཚིག་ལྟར་ན། འ་ཡ་ལ་ཧ་བཞི་ལ་སྔོན་འཇུག་བ་བཞག་ཆོག་སྟེ། དེ་དག་ཀྱང་མོ་ཡིག་ཡིན་པའི་ཕྱིར་དང་རྩ་བར་མོ་ཡིག་དེ་དག་ལ་མི་འཇུག་པའི་གསལ་ཁ་བཏོད་མེད་པའི་ཕྱིར་རོ། །གལ་ཏེ་དགེ་ཕྲུག་ཅིག་གིས་འ་ཡ་ལ་ཧར་བ་སྔོན་འཇུག་ཡོད་པའི་ཡི་གེ་འགའ་བྲིས་ནས་དགེ་རྒན་ལ་བསྟན་ན་དགེ་རྒན་གྱིས་ཅི་ཟེར། འགྲིག་ཟེར་ན་ཡི་གེའི་གོམས་སྲོལ་དང་འགལ། མི་འགྲིག་ཟེར་ན་ཕོ་ནི་ཕོ་དང་མོ་ལ་འཇུག་ཅེས་པའི་ཚིག་དོན་དང་འགལ་བས་ཁ་གྲག་དཀའ་བ་མིན་ནམ། ཞེས་སོགས་གསུངས། དེ་ལ་ལན་བརྗོད་པ། སྔོན་འཇུག་གི་ཕོ་བ་ཡིག་གཏན་ནས་མི་འཇུག་པའི་མོ་ཡིག་དང་། བརྩེགས་མ་ལས་རྐྱང་འཕུལ་དུ་མི་འཇུག་པའི་མོ་ཡིག་འགའ་རེ་ཡོད་པ་བདེན་ཏེ་མཁས་པ་རྣམས་ཀྱིས་སྔར་ནས་གསལ་བར་ཕྱེས་ཟིན་པ་དེར་བས་སོ། །འོན་ཀྱང་དེ་ཙམ་གྱིས་རྩ་བ་སྐྱོན་ཅན་དུ་མི་འགྱུར་ཏེ། འདིར་སྔོན་འཇུག་རྣམས་སྡེ་ཚན་གྱི་སྒོ་ནས་གང་ལ་འཇུག་འཆད་པ་ཡིན་པར་འཇུག་དང་མི་འཇུག་པ་སྟོན་བྱེད་ཀྱི་གཞུང་གཉིས་ཀས་གསལ་བར་གྲུབ་ལ། དེ་ལྟ་ན་མོ་ཡིག་གི་བྱེ་བྲག་ལ་འཇུག་པ་ཡོད་པས་སྤྱིར་མོ་ལ་འཇུག་ཅེས་པའི་ཐ་སྙད་སྐྱོན་མེད་འཐོབ་པའི་ཕྱིར་རོ། །ཁྱོད་ཀྱིས་གོང་དུ་སྔོན་དང་ད་ལྟའི་མིས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་མང་ཡང་རྟོན་པ་བཞིའི་སྒོ་ནས་བཤད་པ་ཤིན་ཏུ་ཉུང་ཞེས་དང་།  སྔོན་གྱི་མཁས་པ་རྣམས་གང་ཟག་དང་ཚིག་ལ་ཡིད་རྟོན་བྱས་ཞེས་སྐྱོན་བརྗོད་པའི་ཤུགས་ལ་རང་ཉིད་དེ་ལྟར་མི་བྱེད་པར་ཁས་བླངས་པ་དང་། འདིར་རྩ་བར་སྐྱོན་བརྗོད་ཚེ། དེ་དག་ཀྱང་མོ་ཡིག་ཡིན་པའི་ཕྱིར་དང་རྩ་བར་མོ་ཡིག་དེ་དག་ལ་མི་འཇུག་པའི་གསལ་ཁ་བཏོད་མེད་པའི་ཕྱིར་རོ།  །ཞེས་སྨྲས་པ་གཉིས་དངོས་འགལ་དུ་སོང་འདུག་སྟེ། དཔེར་ན་མི་ཞིག་གིས་ཁོ་བོས་ཆུ་འཐུངས་སོ་ཞེས་སྨྲས་པ་ལ། གཞན་ཞིག་ན་རེ་ཁྱོད་ཀྱིས་ཆུ་བོ་གངྒཱ་འཐུངས་པར་ཐལ། དེ་ཆུ་ཡིན་པའི་ཕྱིར་དང་གངྒཱ་མ་འཐུངས་ཞེས་པའི་གསལ་ཁ་ཁྱོད་ཀྱིས་མ་བཏོད་པའི་ཕྱིར་ཞེས་ཟེར་བ་ཚིག་ལ་རྟོན་པ་མ་ཡིན་ན་ཚིག་ལ་རྟོན་པ་ཞེས་པ་བཙལ་ཀྱང་མི་རྙེད་པས་ལེགས་པར་སོམས་ཤིག  ཡང་ཁྱོད་ཀྱིས་གོང་དུ། རིགས་པ་རྣམ་པ་བཞི་སོགས་དབུ་ཚད་ཀྱི་གཞུང་གི་རིགས་པ་མི་འདྲ་བ་མང་དུ་ཡོད་པ་དེ་དག་ཐུན་མོང་གི་རིག་གནས་ཀྱི་ཕྱོགས་སུ་བཀོལ་སྤྱོད་བྱེད་པར་མི་སྤྲོ་བའམ་མ་ནུས་པ་དང་།  ཞེས་གཞན་ལ་སྐྱོན་བརྗོད་པ་དེ་རང་ཉིད་ལ་མི་འདོད་བཞིན་དུ་བབས་འདུག་སྟེ། ཀུན་གྱི་ཁ་ན་བྱང་བའི། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་གཅེས།  །ཞེས་པ་དེ་ཙམ་ཡང་སྐབས་འདིར་བཀོལ་སྤྱོད་བྱེད་པར་མ་སྤྲོ་བའམ་མ་ནུས་པའི་ཕྱིར་རོ། །གལ་ཏེ་དགེ་ཕྲུག་འགའ་ཞིག་གིས།  འ་ཡ་ལ་ཧ་བཞི་ལ་བ་འཕུལ་བྲིས་ཏེ་འདི་རྣམས་མི་འགྲིག་ན་མོ་ལ་འཇུག་ཅེས་པ་དང་འགལ་ཟེར་བ་དག་བྱུང་ན། མོ་ལ་འཇུག་ཅེས་སྨྲས་པས་མོ་ཡིག་ཡོད་དོ་ཅོག་ལ་འཇུག་དགོས་པས་མ་ཁྱབ་སྟེ། གཞན་དུ་ན། ཤིང་ཁྱེར་ཤོག་ཅེས་བརྗོད་ཚེ་ཤིང་ཡིན་ནོ་ཅོག་ཁྱེར་འོང་དགོས་པར་ཐལ། ཤིང་ཁྱེར་ཤོག་ཅེས་བརྗོད་པའི་ཕྱིར། ཞེས་སྨྲོས་ཤིག་དང་ཕ་རོལ་པོ་དེ་དག་ཁ་གྲག་དཀའ་བ་ཡིན་གྱི་དགེ་རྒན་ཁ་གྲག་དཀའ་རྒྱུ་ཅི་ཞིག་ཡོད། ཅིས་ཀྱང་དཀའ་ན་དགེ་རྒན་རང་ཉིད་བླུན་པར་ཟད་དོ། །ཡང་ཚིག་རྐང་ཕྱི་མ་རྣམས་ལའང་སྐྱོན་ཡོད་དེ། ཞེས་པའང་སྐྱོན་ལྟར་སྣང་བརྗོད་པར་ཚུལ་དེས་ཤེས་པར་བྱའོ། །གཞན་ཡང་ཁྱོད་ཀྱིས་ནང་འགལ་འདི་ལྟར་སྨྲས་ཏེ། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པའི་དོན་རྗེས་འཇུག་ཕོ་མོ་མ་ནིང་དུ་ཕྱེ་བ་དེ་དག་བྱ་ཚིག་ཏུ་སྦྱར་བའི་དོན་སྟོན་ཚུལ་སྔོན་འཇུག་གི་ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར་སོགས་ཚིག་རྐང་བཞི་དང་འདྲ་བས་དེ་ལྟར་སྦྱོར་དགོས་ཞེས་པའི་དོན་ཡིན་ཞེས་བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་འཆད་ཀྱང་དཔྱད་བཟོད་པ་མིན་ནོ་ཞེས་མ་སྨྲས་སམ། དེ་ལྟ་ན་སི་ཏུ་པཎ་ཆེན་སོགས་ཆོས་ཅན།  དེ་ལྟར་འཆད་པར་ཐལ། བརྡ་སྤྲོད་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་འཆད་ཅེས་སྨྲས་པ་གང་ཞིག་སི་ཏུ་སོགས་ཀྱིས་དེ་ལྟར་དུ་མི་འཆད་ཅེས་པའི་གསལ་ཁ་ཁྱོད་ཀྱིས་མ་བཏོད་པའི་ཕྱིར། འདོད་ན། མུ་ཏིག་ཕྲེང་མཛེས་དེ་སི་ཏུ་པཎ་ཆེན་གྱི་གསུང་མ་ཡིན་པར་ཐལ་ལོ། །དེས་ན། རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས།  །རིགས་པ་མེད་པར་དངོས་པོ་ཀུན་ལ་སྐུར་འདེབས་ཕྱིར། །ཁྱོད་ནི་སྐྱེ་བོ་དམ་པས་བཞེད་པར་མི་འགྱུར་ཞིང་། །ཞེས་གསུངས་པ་དང་མཚུངས་སོ། །དེ་ལྟར་སྐབས་འདིར་བརྗོད་པ་ཐམས་ཅད་ཚིག་འཁྲི་འབའ་ཞིག་ཏུ་སྣང་བས་སྙིང་པོ་རྡུལ་ཙམ་ཡང་མེད་པར་སུས་ཀྱང་རྟོགས་སླའོ། །གཉིས་པ་ནི།  སྔོན་འཇུག་གི་ཇི་ལྟར་འཇུག་འཆད་པའི་ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །ཞེས་པར་ཡང་མངོན་སུམ་ཚད་མའི་གནོད་པ་འཇུག་སྟེ། ཀློག་དག་པར། བཀའ་དང་དཀའ། བཏང་དང་གཏང་། བཅད་དང་གཅད། བཀར་དང་དཀར། སོགས་ཉིས་ཚན་གྱི་ཕྱི་མ་རྣམས་སྔ་མ་ལས་སྒྲ་དྲག་པོར་འདོན་ཞིང་བགག་དང་དགག  བརྩེགས་དང་གཙགས། བདག་དང་གདགས། སོགས་སྔ་ཕྱི་སྒྲ་དྲག་ཞན་འདྲ་བར་འདོན་པ་མངོན་སུམ་དུ་གྲུབ་པའི་ཕྱིར་རོ། །ཞེས་གསུངས། འདི་ལ་བརྟག་པར་བྱ་སྟེ། ཁྱོད་ཀྱིས་ཀློག་དག་པར་ཞེས་པའི་དག་པ་དེ་ཁྱོད་ཉིད་དམ་ཁྱོད་ཀྱི་ཉེ་འཁོར་ན་གནས་པ་འགའ་རེའི་ཀློག་ཚུལ་ལ་ཟེར་བར་སྣང་སྟེ་མངོན་སུམ་དུ་གྲུབ་པར་བཤད་པས་སོ།  །དེ་ལྟ་ན་ཀློག་ཚུལ་དེ་དག་པ་ཡིན་པར་ཅིས་ཤེས། སྔོན་ནས་ད་ལྟའི་བར་གྱི་མཁས་པ་རྣམས་ཀྱིས་ཐོན་མིའི་གཞུང་གི་རྗེས་སུ་འབྲངས་ཏེ་དག་མ་དག་འབྱེད་ན། ཁྱེད་ཀྱིས་དེ་ནི་ཁས་མ་བླངས་པས་དེ་ལས་གཞན་པའི་འབྱེད་བྱེད་སྟོན་ཅིག  ངེད་ལ་མངོན་སུམ་དུ་སྣང་བ་འདིས་འགྲུབ་བོ་ཟེར་ན།  ཁྱོད་ལ་སྣང་དུ་ཆུག་ཀྱང་དེ་དག་པ་ཡིན་པར་ཁྱོད་ཀྱིས་ཐག་བཅད་པ་ལས་གཞན་གྱི་དཔང་པོ་ཨེ་ཡོད། མཁས་པ་སི་ཏུ་པས་སྐབས་འདིའི་དྲག་ཞན་ཞེས་པ་སྒྲ་གདངས་ཁོ་ན་མ་ཡིན་པར་བྱེད་རྩོལ་ཆེ་ཆུང་ལའང་གོ་དགོས་པར་གསུངས་མོད། གལ་ཏེ་ཁོ་བོ་ཅག་གིས་བཀའ་དང་དཀའ་སོགས་ཉིས་ཚན་གྱི་སྔ་མ་རྣམས་ཕྱི་མ་ལས་སྒྲ་དྲག་པ་དང་། བགག་དགག་སོགས་ལ་ཁྱད་ཡོད་པར་ངེད་ཚོར་མངོན་སུམ་ཡིན་ཞེས་བརྗོད་ན་ཅི་ཟེར། ཁྱོད་ཀྱིས་དེ་ལྟར་འདོན་པ་ཀློག་མ་དག་པ་ཡིན་ཟེར་རྒྱུ་ཡིན་ལ། ང་རང་གི་དེ་དག་པ་ཡིན་ཟེར་རྒྱུ་ཡིན་ནམ། ཡིན་ན་རྟགས་འགོད་རྒྱུ་ཨེ་ཡོད།  གཟུ་བོའི་བློས་བརྟགས་ན། ད་ལྟའི་ཀློག་ཚུལ་ལ་བཀའ་དང་དཀའ་སོགས་སྒྲ་དྲག་ཞན་གོ་ལྡོག་ཏུ་ཀློག་པ་བརྒྱ་ལ་གྲུབ་ཏུ་ཆུག་ཀྱང་རྒྱུ་མཚན་དེས་མི་ལོ་སྟོང་ལྷག་གི་སྔོན་དུའང་ད་ལྟའི་སྒྲ་གདངས་འདི་ཁོ་ན་ལྟར་དོན་ལ་ཡིན་ཡང་སློབ་དཔོན་གྱིས་མ་མཁྱེན་པར་བསྒྲུབ་མི་ནུས་ཏེ། མུ་ཏིག་ཕྲེང་མཛེས་ལས། དེས་ན་གནའ་བོའི་དུས་སུ་ཡིག་ཀློག་ཙམ་དུ་མ་ཟད་བོད་སྐད་ཉིད་ལའང་སྒྲ་ཟུར་ཐམས་ཅད་མ་ཉམས་པར་འདོན་པ་ཞིག་ཡོད་པར་ངེས་ཀྱང་དེང་སང་བོད་ཡུལ་དབུས་དང་མཐའ་འཁོབ་ཕལ་ཆེར་ལ་རང་སྐད་དང་ཡིག་ཀློག་གཉིས་ཀར་སྒྲ་དག་པར་འདོན་པ་མེད་པ་ལ་བརྟེན་ནས། ཞེས་གསུངས་པ་ལྟར་རོ། །དེ་ཕྱིར་ཁྱོད་ཀྱིས་རང་གི་ཀློག་ཚུལ་དེ་དག་པར་ཁས་བླངས་ཏེ་དེ་སློབ་དཔོན་གྱིས་མ་མཁྱེན་ཟེར་བ་ནི་ཤིན་ཏུ་མ་བརྟགས་པ་སྟེ། སློབ་དཔོན་བརྡ་སྤྲོད་པའི་རྣམ་བཞག་འདི་ལྟ་བུའི་ངོ་མཚར་ཅན་ཞིག་གསར་གཏོད་བྱེད་པའི་བློ་གྲོས་ཅན་དེས་རང་རེས་ཤེས་རྒྱུ་ཙམ་ཞིག་མི་ཤེས་པ་ཨེ་སྲིད་ན། གལ་ཏེ་སྲིད་དོ་སྙམ་ན། སློབ་དཔོན་ཐོན་མི་ནས་རང་གི་སློབ་དཔོན་ཡན་ཆད་བོད་ཀྱི་བརྡ་སྤྲོད་སྨྲ་བ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱིས་ཡི་གེ་དག་མོ་ཀློག་མ་ཤེས་ལ་ཁོ་བོ་གཅིག་པུས་ཤེས་སོ་ཞེས་སྨྲོས་ཤིག་དང་མཁས་པའི་མདུན་སར་ཤིན་ཏུ་མཛེས་པའི་གཏམ་མོ། །གསུམ་པ། སྔོན་འཇུག་གི་ཅིའི་ཕྱིར་འཇུག་འཆད་པའི་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །སོགས་ཤོ་ལོ་ཀ་གཅིག་པོ་འདི་ནི་ཤིན་ཏུ་དོན་ཆེ་ཞིང་རྟགས་འཇུག་གཞུང་གིས་གཏན་ལ་དབབ་བྱའི་གཙོ་བོ་བྱ་ཚིག་གི་སྒྲ་གྲུབ་ཚུལ་དང་། བདག་གཞན་དུས་གསུམ་གྱི་འཇུག་ཚུལ་སོགས་ཀྱི་རྣམ་བཞག་གཙོ་ཆེ་བ་བསྟན་ཡོད་པས་དེང་སང་ཡང་བྱ་ཚིག་རྟོག་ཞིབ་ཀྱི་ཁུངས་དང་རྩ་བར་འཛིན་དགོས་པ་ཡིན། འོན་ཀྱང་བསྟན་བྱ་མི་གསལ་བ་དང་། ཁྱབ་པ་མ་ངེས་པ། བརྗོད་བྱ་མི་འདུམ་པ་སོགས་ཀྱི་སྐྱོན་ཡང་ཡོད། ཅེས་དང་། བསྟན་དོན་མི་གསལ་བ་དཔེར་ན། བདག་དང་གཞན་གྱི་མཚན་གཞི་དེ་གང་ལ་བྱེད། འདས་མ་འོངས་ད་ལྟ་དེ་བྱ་བའི་སྟེང་ནས་འབྱེད་དམ་དུས་ཀྱི་སྟེང་ནས་འབྱེད། དུས་གསུམ་གྱི་འཇོག་མཚམས་ཇི་ལྟར་ཡིན། བྱ་བ་མ་འོངས་པ་ལ་བྱ་ཚིག་མ་འོངས་པ་སྦྱོར་བས་ཨེ་ཁྱབ། ཅེས་སོགས་ནས། གནད་དོན་འདི་དག་ཤིན་ཏུ་གལ་ཆེ་ཡང་རྩ་ཚིག་ཏུ་མི་གསལ། ཞེས་ཟེར་རོ། །འདི་ནི་སྐབས་ཀྱི་བརྗོད་བྱ་གང་ཡིན་རང་གིས་མ་ཕྱེས་པར་ཟད་དོ། །འོ་ན་འདིར་སྐབས་ཀྱི་བརྗོད་བྱ་གང་ཞེ་ན། སྔོན་འཇུག་རྣམས་བདག་གཞན་དང་དུས་གསུམ་གང་གི་དོན་དུ་འཇུག་མི་འཇུག་གི་ཁྱད་པར་དེ་ཉིད་ཡིན་ཏེ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། །ཞེས་དྲི་བས་མཚམས་སྦྱར་བ་དེས་ཤེས་སོ། །དེས་ན་སྐབས་འདིར་སྔོན་འཇུག་རྣམས་འཇུག་ཡུལ་གང་ལ་འཇུག་བསྟན་པས་ཆོག་པ་ཡིན་གྱི་འཇུག་ཡུལ་དེ་དག་གི་མཐའ་མ་དཔྱད་ཀྱང་སྐྱོན་དུ་མི་འགྱུར་ཏེ་དེ་དག་གཏན་ལ་འབེབས་པའི་སྐབས་མ་ཡིན་པའི་ཕྱིར་རོ། །དཔེར་ན། ཇ་ཉོ་རུ་འགྲོ་བའི་མི་ཞིག་ལ་མཛུབ་མོ་གཏད་དེ། མི་འདི་དོན་ཅིའི་ཕྱིར་དུ་འགྲོ་བ་ཡིན་ཞེས་དྲིས་པ་ན། ཁོ་ཇ་ཉོ་བའི་དོན་དུ་འགྲོ་བ་ཡིན་ཞེས་བརྗོད་པས་མི་ཆོག་པར་ཉོ་རྒྱུའི་ཇ་དེའི་མཚན་ཉིད་དང་མཚན་གཞི་དབྱེ་བ་སོགས་མཐའ་དཔྱད་དགོས་ན་ཧ་ཅང་ཐལ་ལོ། །དེས་ན་བདག་གཞན་དུས་གསུམ་གྱི་རྣམ་བཞག་དེ་དག་ཤེས་དགོས་པ་ཡིན་ཡང་། སྐབས་འདི་ཁོ་ནར་བརྗོད་དགོས་ངེས་ཀྱི་རྒྱུ་མཚན་མེད་དོ། །ཡང་ཁོང་གིས་སྨྲས་པ། ཡང་ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་སོགས་ཀྱི་ཚིག་ལྟར་ན། ཕོ་བ་ཡིག་འདས་གཞན་ལ་འཇུག མ་ནིང་ག་ད་གཉིས་ནི་བདག་གཞན་གཉིས་དང་། དེར་མ་ཐེ་བའི་ད་ལྟ་བ་ལ་འཇུག  མོ་འ་ཡིག་བདག་དང་མ་འོངས་པ་ལ་འཇུག  ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དང་དུས་གསུམ་གར་མཉམ་པར་འཇུག་གོ །འོན་ཀྱང་དེ་དག་ལ་ངེས་པ་ཨེ་ཡོད། འདིའི་ཕྱོགས་ལ་ཚེ་ཏན་ཞབས་དྲུང་ཚང་གིས་ཐོན་མའི་ཞལ་ལུང་དུ་ཨེ་ཁྱབ་ཀྱི་དྲི་བ་སུམ་ཅུ་བཀོད་ཡོད་པར་ལན་རྙེད་ན།  གོང་གི་ཚིག་དེ་དག་གི་མ་ཁྱབ་མ་ངེས་མི་འདུམ་པའི་སྐྱོན་ཡང་མཐོང་ཐུབ་བོ་ཞེས་གསུངས། འདིར་སློབ་དཔོན་གྱིས་སྔོན་འཇུག་ཕོ་ཡིག་ཡིན་ན་འདས་པ་དང་གཞན་སྒྲུབ་པར་འཇུག་པ་ཡིན་པས་ཁྱབ་ཅེས་སོགས་ཁས་བླངས་པ་འདུག་གམ། ཁྱབ་ཅེས་ཁས་བླངས་པ་ཞིག་མ་ཁྱབ་པར་འདུག་ན་སྐྱོན་ཡིན་ཡང་། བསྔགས་བསྟོད་བརྩོན་སོགས་འདི་རྣམས་བདག་དང་ད་ལྟ་བ་སྟོན་བྱེད་ཡིན་པ་ཙམ་སློབ་དཔོན་གྱིས་མི་མཁྱེན་པ་ག་ལ་སྲིད། དེས་ན་ཁྱབ་པར་སློབ་དཔོན་ཉིད་ཀྱང་མི་བཞེད་ན་མ་ཁྱབ་དང་མ་ངེས་པའི་སྐྱོན་ཞེས་ཅི་ལ་བསམ་ནས་སྨྲས། ཕོ་འདས་དང་གཞན་ལ་འཇུག་པར་བཤད་པས་ཁྱབ་པ་ཁས་ལེན་དགོས་སོ་སྙམ་དུ་བསམས་པ་ཡིན་ནམ། དེ་ལྟ་ནའང་ཁྱབ་མེད་རང་གིས་བསམས་པ་སྟེ། ཕོ་འདས་པ་དང་གཞན་ལ་འཇུག་ཅེས་པ་འདས་པ་དང་གཞན་ལ་འཇུག་པ་ཡིན་པས་ཁྱབ་ཅེས་པའི་དོན་མ་ཡིན་པའི་ཕྱིར་རོ། །དེས་མཚོན་ནས་མ་ནིང་སོགས་ལའང་ཤེས་པར་བྱའོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1