“གེ་སར་རིག་གནས་རྒྱུད་འཛིན་སྲུང་སྐྱོང་རྟེན་གཞི”བཙུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18



     ཟླ་11ཚེས་15ཉིན། གསར་འགོད་པས་ཚེས་15ཉིན་མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནས་ཤེས་རྟོགས་བྱུང་གསལ། ཞིབ་འཇུག་ལྟེ་གནས་དེས་མཚོ་སྔོན་པོའི་མཚོ་སྐོར་གླིང་སྒྲུང་མཐུན་ཚོགས་ལ་“གེ་སར་རིག་གནས་རྒྱུད་འཛིན་སྲུང་སྐྱོང་རྟེན་གཞི”ཞེས་པའི་སྒོ་བྱང་སྤྲད་པར་བརྟེན། མཚོ་སྔོན་པོའི“གེ་སར་རིག་གནས་རྒྱུད་འཛིན་སྲུང་སྐྱོང་རྟེན་གཞི”དངོས་སུ་ཚུགས་པ་མཚོན་ཡོད། 
   གླིང་སྒྲུང་ནི་གླིང་གེ་སར་རྒྱལ་པོའི་གཏམ་རྒྱུད་ངོ་མཚར་ཅན་བརྗོད་པའི་རྩོམ་རིག་བརྩམས་ཆོས་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་སྤྱི་ཚོགས་འཚོ་བ་ཕྱོགས་ཀུན་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་འདུས་ཡོད་པ་དང་། ཚིག་རྐང་ས་ཡ་ལྷག་ཙམ་དང་ཡིག་འབྲུ་བྱེ་བ་གཉིས་ལྷག་ཡོད་པས་འཛམ་གླིང་གི་ལོ་རྒྱུས་སྙན་ངག་ཆེ་གྲས་ལྔའི་ཡི་གེའི་བསྡོམས་གྲངས་ལས་བརྒལ་བ་དང་། དེའི་ནང་དོན་མིག་སྔར་ད་དུང་རྒྱུན་ཆད་མེད་པར་ཇེ་རྒྱས་སུ་འཕེལ་བཞིན་ཡོད། དེ་ནི་འཛམ་གླིང་དུ་ད་བར་མཐོང་ཐུབ་པའི་མི་རིགས་ལོ་རྒྱུས་སྙན་ངག་ཡིག་འབྲུ་མང་ཤོས་དེ་ཡིན། 2006ལོར་ཀྲུང་གོའི་གཞུང་ཕྱོགས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་བཅུག་པ་དང་། 2009ལོར“གེ་སར་ལོ་རྒྱུས་སྙན་ངག་གི་སྲོལ་རྒྱུན”ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང》དུ་བཅུག་པ་རེད། 
   ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྐོར་གླིང་སྒྲུང་མཐུན་ཚོགས་ནི་སྒྲུང་པ་དབང་ཕྱུག་ཚེ་རིང་གིས་འགོ་ཁྲིད་ནས་སྒྲིག་འཛུགས་བྱས་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་རེད། 
   2010ལོ་ནས་བཟུང་། དབང་ཕྱུག་ཚེ་རིང་གིས་ཕྱུགས་འཚོ་བའི་བར་གསེང་ལ་ལོ་རྒྱུས་སྙན་ངག་དང་དཔེ་དེབ་སོགས་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ལྟ་ཀློག་བྱས་པ་དང་འཁྲབ་གཞུང་རྩོམ་སྒྲིག་བྱས་པ་མ་ཟད། སྒྲུང་པ་དང་འཁྲབ་སྟོན་པ་སྒྲིག་འཛུགས་བྱས་ནས་གསོ་སྐྱོང་བྱས་པ་རེད། 2011ལོར། མཚོ་སྔོན་པོའི་འགྲམ་དུ་གླིང་སྒྲུང་གི་གླུ་གར་ཟློས་གར《དཔའ་རྟུལ་བདུན》ཞེས་པ་ཐོག་མར་འཁྲབ་སྟོན་བྱས་པ་དེ་ནི་མཚོ་སྐོར་ས་ཁུལ་གྱི་གླིང་སྒྲུང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཐོག་མའི་རྣམ་པ་དེ་རེད། ད་ཆ་སྒྱུ་རྩལ་པ་40ཡོད་པའི་ནང་ཆེ་ཤོས་ནི་ལོ་55དང་ཆུང་ཤོས་ནི་ལོ་17རེད། སྔ་རྗེས་སུ་རིག་རྩལ་བྱེད་སྒོ་སྣ་ཚོགས་ནང་ཞུགས་པ་རེད། ས་གནས་དེ་གའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། མཚོ་སྐོར་ས་ཁུལ་དུ་གླིང་སྒྲུང་ཁྱབ་གདལ་བྱེད་པར་སྐུལ་འདེད་གཏོང་ཆེད། སྔོག་འདོན་དང་། མྱུར་སྐྱོབ། སྲུང་སྐྱོང་བཅས་བྱས་པ་དང་། རིག་གནས་རྒྱུད་འཛིན་པ་སོགས་གསོ་སྐྱོང་དང་དར་སྤེལ་ཐད་ནུས་པ་གལ་ཆེན་བཏོན་ཡོད།  

   མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་ཁུར་བས་བསྟན་དོན། “གེ་སར་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་རྟེན་གཞི”དངོས་སུ་འཛུགས་པའི་དམིགས་ཡུལ་ནི་ཞིང་འབྲོག་ཁུལ་གྱི་གླིང་སྒྲུང་གི་རྒྱུད་འཛིན་པ་དང་རིག་གནས་ལས་དོན་པ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུད་འཛིན་དང་དར་སྤེལ་གཏོང་ཆེད་མུ་མཐུད་ལེགས་སྐྱེས་འབུལ་རྒྱུར་སྐུལ་མ་གཏོང་ཆེད་ཡིན་ཟེར།

(http://tibet.people.com.cn/15829999.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1