ཟླ11པའི་ཚེས5ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི2020ལོའི་ཁ་གཏད་རོགས་སྐྱོར་ལས་ཞུགས་དབུལ་སྐྱོར་ཆེད་དོན་གདན་ཞུའི་ཚོགས་འདུ་དེ་རྒྱལ་ཁབ་རིམ་པ4Aཅན་གྱི་མཛེས་ལྗོངས་ཁུལ་ཏེ་གེ་སར་རྒྱལ་པོའི་མཁར་གྲོང་དུ་སྤེལ་བ་རེད།
ཉིན་དེར། གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་མི་ཚོགས་ཀྱི་འཚང་ཁ་ཤིག་ཤིག་བྱེད་ཅིང་། ལས་ཀ་འཚོལ་མཁན་རྣམས་སྔ་མོ་ནས་གནས་འདིར་ཡོང་སྟེ་འགྲེམས་སྟེགས་རེ་རེའི་བར་དུ་རྒྱུ་བཞིན་ཁེ་ལས་སོ་སོའི་ལས་མི་བསྡུ་བའི་ཆ་འཕྲིན་ལ་ཞིབ་ལྟ་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོས་ཁེ་ལས་ཀྱི་ལས་མི་བསྡུ་མཁན་ལ་ལས་ཀའི་ངོ་བོ་དང་། ལས་གནས་ཀྱི་གླ་ཕོགས། ཕན་བདེའི་ལྟ་སྐྱོང་སོགས་ཀྱི་དོན་ཚན་འདྲི་རྩད་བྱས་ཏེ། རང་ཉིད་དང་འཚམ་པའི་ལས་གནས་བཙལ་གང་ཐུབ་བྱེད་ཀྱིན་ཡོད།
རྫོང་ཤེས་ལྡན་མི་སྣ་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུ་ནི་ཤང(གྲོང་རྡལ)སོ་སོས་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཤིང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གཙོ་སྒྲུབ་གནང་བ་དང་། ཀོང་ཏུང་ཞིང་ཆེན་ཁྲོན་སྐྱོར་མདུན་ཕྱོགས་ལས་དོན་ཚོ་ཆུང་གི་དཀར་མཛེས་རྫོང་དུ་བཅའ་སྡོད་བྱས་པའི་ལས་དོན་ཚོ་ཆུང་དང་། ཁྲེན་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ལས་རོགས་བྱས་པ་དང་། ཡཱ་ཨན་ཤིང་ཡའོ་བཟོ་པའི་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བ་རེད། གདན་ཞུ་ཚོགས་འདུས་བསྡོམས་པས་དཀར་མཛེས་རྫོང་རང་ས་དང་། ཀོང་ཏུང་དང་ནང་སའི་ཁེ་ལས45ནང་དུ་ཞུགས་པར་ནང་འདྲེན་བྱས་ཏེ། ཟོག་འདྲེན་ལས་བཟོ་པ་དང་། མཛོད་ཁང་དོ་དམ་པ། སྐྱེལ་འདྲེན་པ། ཕྱིར་འཚོང་། མདུན་སྟེགས་སོགས་ཀྱི་ལས་རིགས་འདུས་པའི་ལས་ཞུགས་ཀྱི་ལས་གནས2000ལྷག་མཁོ་འདོན་བྱས་ཤིང་། རྫོང་དེའི་ཤང་དང་གྲོང་རྡལ21དང་སྡོད་ཁུལ་བཞིའི་ཞིང་པའི་ལས་བཟོ་པ་དང་། དབུལ་པོའི་དུད་ཚང་སོགས་རིགས་སོ་སོའི་ལས་ཀ་འཚོལ་མཁན་མི1000ལྷག་ནང་དུ་ཞུགས་པར་ནང་འདྲེན་བྱས་ཡོད་ཅིང་། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་མི480ལྷག་ཙམ་ཡོད།
གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་ད་དུང་ཆེད་དུ་འབྲེལ་ཡོད་ཀྱི་སྲིད་ཇུས་དང་། ཁྲིམས་ལུགས་ཁྲིམས་སྲོལ། ལས་ཞུགས་ལས་གཏོད་ཀྱི་གསོ་སྦྱོང་སོགས་ཀྱི་འདྲི་རྩད་བྱེད་གནས་དང་སྨན་དོན་ཁང་། བདེ་སྲུང་ཁང་སོགས་ཀྱི་ཞབས་ཞུའི་གནས་བཙུགས་ཏེ། ལས་ཀ་འཚོལ་མཁན་རྣམས་ལ “ལས་ཞུགས་ལས་གཏོད་དང་། རྩལ་ནུས་གསོ་སྦྱོང་། ལས་མིའི་འགན་བཅོལ་ནང་ཞུགས་པ། ངལ་རྩོལ་དབང་སྲུང་། གཱ་གཅིག་གི་འདྲི་རྩད”སོགས་ཀྱི་འདྲི་རྩད་ཀྱི་ཞབས་ཞུ་མཁོ་འདོན་བྱས་པར་མ་ཟད། ད་རུང་ཡུལ་དངོས་སུ་ལས་ཞུགས་ལས་གཏོད་དང་། ངལ་རྩོལ་དབང་སྲུང་། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ1000ལྷག་བཀྲམས་ཏེ། ལས་ཀ་འཚོལ་མཁན་གྱི་ཁྲིམས་མཐུན་གྱི་ཁེ་དབང་ལ་དོན་དངོས་ཀྱིས་འགན་ལེན་དང་སྲུང་སྐྱོང་བྱས་ནས་ཁོ་ཚོར་སེམས་བདེ་མོས་ལས་ཀ་འཚོལ་བ་དང་། བློ་བདེ་པོས་ཐོ་འགོད་དང་ལས་ཞུགས་བྱེད་དུ་བཅུག
སྡོམ་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུའི་ཐོག་ཡུལ་དངོས་སུ་ཐོ་འགོད་བྱས་པ་མི600ལྷག་ཡོད་པ་དང་། ལས་ཀའི་རེ་འདུན་ཡི་གེ་འཇོག་མཁན་མི323ཡོད་ཅིང་། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་མི130ཙམ་ཡོད་པ་རེད།