ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོར་གཟིགས་སྐོར་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-21




  ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོར་གཟིགས་སྐོར་རྟོག་ཞིབ་གནང་།

    དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་ཡུལ་དངོས་འདུས་ཚོགས་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་ཞིག་ཡིན་པ། སྤྱི་ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་ཕེང་ཆིང་ཧྭ་དར་རྩེ་མདོའི་སྦྲེལ་མཐུད་འདུས་ཚོགས་འགྲེམས་སྟོན་བྱ་ཡུལ་དུ་ཕེབས་ནས་དཀར་མཛེས་ཁུལ་གྱི་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་དང་དེ་བཞིན་ཐོན་འཚོང་འབྲེལ་མཐུད་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཏེང་ཞའོ་ཀང་ལྷན་དུ་རྟོག་ཞིབ་ལ་ཕེབས་ཡོད་པ་རེད།

     དཀར་མཛེས་ཁུལ་ལ་དམིགས་བསལ་གྱི་འོད་ནུས་དང་ཚ་ཆུ། ས་ཆུའི་ཐོན་ཁུངས་དང་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཐོན་ཁུངས་ཡོད་པ་དེས་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་བཏོད་ཡོད་ཅིང་། སྦྲེལ་མཐུད་འདུས་ཚོགས་ཀྱི་འགྲེམས་སྟོན་བྱ་ཡུལ་དུ“གནས་མཆོག་དཀར་མཛེས”ཞེས་པའི་ལྷད་མེད་སྐྱེ་ལྡན་གྱི་ཞིང་འབྲོག་ལས་ཐོན་རྫས་སྣ་ཚོགས་བཤམས་ནས་ཡོད་པར་བརྟེན། དཀར་མཛེས་ཁུལ་བཙུགས་ནས་ལོ70རིང་ཞིང་འབྲོག་ལས་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་གསོན་ཉམས་དོད་པོས་མཚོན་ཡོད་པ་རེད། ཕེང་ཆིང་ཧྭ་ཁུལ་གྱི་ཞིང་ལས་ཁྱད་ཆོས་ཐོན་རྫས་སྤུས་དག་རྩེ་གྲ་ཅན་འགྲེམས་སྟོན་བྱ་ཡུལ་ནས་རྫོང(གྲོང་ཁྱེར)གི་ཞིང་ལས་ཁྱད་ཆོས་ཐོན་རྫས་འགྲེམས་སྟོན་བྱ་ཡུལ་དུ་ཕེབས་ནས་གཟིགས་སྐོར་རྟོག་ཞིབ་གནང་བའི་དུས་མཚུངས་སུ། ཁྱད་ཆོས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་དང་ཐོན་རྫས་ལས་སྣོན་ཞིབ་བཟོ། ཁྲོམ་རའི་ཚོང་ལམ་རྒྱ་སྐྱེད། ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་ཚུལ། ཞིང་པ་འབབ་འཕར་ཕྱུག་འགྱུར་སྣེ་ཁྲིད་བྱས་ཚུལ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཞིང་འབྲོག་ཐོན་རྫས་ཀྱི་ཁུངས་འདེད་བྱེད་གནས་སུ་ཕེང་ཆིང་ཧྭ་ཡིས་དུས་ཐོག་ཏུ་བརྙན་ལམ་བརྒྱུད་ནས་ཞིང་ལས་གླིང་ཁུལ་གྱི་ཐོན་རྫས་ཐོན་སྐྱེད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་གསུངས་དོན། དཀར་མཛེས་ཁུལ་བཙུགས་ནས་ལོ70རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དཀར་མཛེས་ཁུལ་གྱི་མཐོ་སྒང་གི་ཞིང་འབྲོག་ཐོན་ལས་རྗེས་ལུས་དང་ཕན་འབྲས་ཆུང་བ་ནས་སྤུས་ལེགས་རྩེ་གྲའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་དཀར་མཛེས་ཁུལ་གྱི་ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་མཐོ་སྒང་གི་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏང་རྒྱུ་ནི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད།ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ་སྲོལ་རྒྱུན་གྱི་ཞིང་འབྲོང་ལས་རིགས་སྤོ་བསྒྱུར་རིམ་སྤར་བྱ་རྒྱུ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་ཞིང་། ཚོང་གཉེར་གྱི་གྲུབ་ཆ་གཙོ་བོ་ཏན་ཏིག་སྒྲུབ་པ་དང་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་ཆད་མེད་པར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་གཏང་དགོས། ཟོང་རྟགས་གྲགས་ཅན་མེད་ན་རིན་གོང་ཡག་པོ་རག་མི་ཐུབ་པར་བརྟེན། ལྷད་མེད་དང་སྐྱེ་ལྡན། ས་ཁམས་ཀྱི་མཚོན་རྟགས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནས་མཆོག་དཀར་མཛེས་ཀྱི་ས་ཁོངས་རང་བཞིན་གྱི་སྤྱི་སྤྱོད་ཟོང་རྟགས་གྲགས་ཅན་བེད་སྤྱོད་ཡག་པོ་བཏང་ནས། ཐོན་སྐྱེད་དང་བྲིན་འཚོང་གི་ལས་སྟེགས་གསར་སྐྲུན་བྱས་ཏེ་སྤུས་ལེགས་རྩེ་གྲའི་ཞིང་འབྲོག་ཐོན་རྫས་མཐོ་སྒང་ནས་ཕྱི་ཡུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་ལོངས་སུ་སྤྱོད་དུ་འཇུག་དགོས།

      དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མཛེས་པར་མ་ཟད། ད་དུང་འོད་སྟོང་འབར་བའི་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཡུན་རིང་བའི་སྲོལ་རྒྱུན་ལྡན་པ་རེད། ཕེང་ཆིང་ཧྭ་ཡིས་རིག་གནས་གསར་གཏོད་ཀྱི་འགྲེམས་སྟོན་ཁུལ་དུ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བ་དང་། བོད་པའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུད་འཛིན་དང་གསར་གཏོད། རིག་གནས་གསར་གཏོད་ཐོན་རྫས་གསར་སྦོལ་བྱེད་པ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་བྱེད་གང་ཐུབ་བྱེད་ཅིང་། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བར་སྐུལ་འདེད་ཧུར་ཐག་བྱེད་པ་དང་། མཚོན་རྟགས་རང་བཞིན་གྱི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་གྲགས་ཅན་གསར་གཏོད་ཞིབ་ཚགས་བྱེད་པ། ཡུལ་སྐོར་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཆགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་དངོས་ཕན་དེ་བས་མང་པོ་ཐོབ་ཏུ་འཇུག་དགོས་ཅེས་ནན་གསུང་གནང་བ་རེད།

      ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཞིང་ཆེན་རྟེན་འབྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་དབྱི་ཧུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1