བོད་ལྗོངས་ཀྱི་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ལྷ་སར་མཇུག་བསྒྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-31


     ཀྲུང་གོ་གསར་འགྱུར་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་26ཉིན་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ལྷ་སར་མཇུག་བསྒྲིལ་ཞིང་། ཀྲུང་གོའི་མཐོ་སློབ་དང་ལས་རིགས་མཐུན་ཚོགས་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་7གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཐོན་རྫས་རིགས་དང་གསར་གཏོད་རིགས་ཀྱི་ཇུས་འགོད་བརྩམས་ཆོས་18འགྲན་ཞུགས་བརྩམས་ཆོས་155ཁྲོད་ནས་གཟེངས་སུ་ཐོན་ནས། སོ་སོར་གསེར་གྱི་བྱ་དགའ་དང་། དངུལ་གྱི་བྱ་དགའ། ཟངས་ཀྱི་བྱ་དགའ་བཅས་ཐོབ་ཡོད། 
     བོད་རང་སྐྱོང་ལྗོངས་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་མི་སྣ་ཡོན་ཅང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་རྒྱལ་སྤྱིའི་དཔལ་འབྱོར་ལག་རྩལ་མཉམ་ལས་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བ་ཞིག་ཡིན་ལ། ཐོག་མའི་འཆར་གཞི་ལྟར་ན་སླད་ཕྱིན་ལོ་གཉིས་རེར་ཐེངས་རེ་འཚོག་རྒྱུ་རེད།
     ཡོན་ཅང་ཝུའེ་ཡིས“སྐབས་འདིའི་འགྲན་བསྡུར་2019ལོ་ནས་བཟུང་འཆར་འགོད་བྱས་པ་དང་ད་ལོའི་ཟླ་5པར་འགོ་ཚུགས་པ་རེད”ཅེས་བརྗོད་ཅིང་། ཁོང་གིས་འགྲན་བསྡུར་གྱི་བརྗོད་དོན་གཙོ་བོ་ནི“འབྱུང་འགྱུར་ཇུས་འགོད་བྱས་ནས། གསར་གཏོད་ཀྱིས་སྣེ་ཁྲིད་པ”ཞེས་པ་དང་། ཇུས་འགོད་ཀྱི་སྤྲོ་སེམས་སློང་བ་དང་། འགྲེམས་སྟོན་གྱི་སྟེགས་བུ་བསྐྲུན་པ། ཇུས་འགོད་ཤེས་ལྡན་མི་སྣ་སྔོག་འདོན་བྱས་ནས་བོད་ལྗོངས་ཀྱི་བཟོ་ལས་ཇུས་འགོད་ཀྱི་སྤྱིའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཚད་བྱས་ཏེ། བོད་ལྗོངས་ཀྱི་བཟོ་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། “ད་དུང་བཟོ་ལས་ཇུས་འགོད་ཀྱི་ཆེད་དོན་འཆད་ཁྲིད་དང་བཟོ་ལས་ཇུས་འགོད་ཀྱི་བརྩམས་ཆོས་འགྲེམས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན”ཞེས་བརྗོད།
     འགྲན་བསྡུར་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་གྲས་ཤིག་ཡིན་པའི་ཧུའུ་ནན་སློབ་ཆེན་ཇུས་འགོད་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ། འབུམ་རམས་པའི་སློབ་དཔོན་ཧོ་རེན་ཁོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “བོད་ལྗོངས་ཀྱིས་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་ནི་ཇུས་འགོད་འདུ་ཤེས་ཀྱི་གོ་རྟོགས་སད་པ་ཞིག་རེད”ཅེས་བརྗོད་པ་དང་། བོད་ལྗོངས་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལྡན་ཡོད་པ་དང་། དུས་མཚུངས་སུ་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་ཡུལ་སྐོར་བྱ་ཡུལ་ཞིག་ཀྱང་ཡིན། “བཟོ་ལས་ཇུས་འགོད་ཀྱི་ནུས་པ་ནི་ལྷུ་ལག་རྐྱང་པས་བཟོས་པའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་དེ་འབོར་ཚད་ཅན་དུ་འགྱུར་བའི་ཐོན་སྐྱེད་ཀྱི་དེང་རབས་བཟོ་ལས་རྣམ་པ་ཞིག་ཏུ་རིམ་སྤོར་བྱ་རྒྱུ་དེ་ཡིན”ཞེས་བརྗོད།
     ཧོ་རེན་ཁོ་ཡིས“དེ་རིང་འགྲན་ཞུགས་བརྩམས་ཆོས་མི་ཉུང་བ་ཞིག་གིས་ཕན་ལྡན་གྱི་ཚོད་ལྟ་བྱས་པ་མཐོང་བྱུང་། དེ་བས་དགའ་འོས་པ་ཞིག་ནི་བོད་ལྗོངས་ཀྱི་གཞོན་ནུ་ཁག་གཅིག་གིས་བཟོ་ལས་ཇུས་འགོད་ལ་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། སྲོལ་རྒྱུན་བརྟན་སྲུང་བྱེད་པ་དང་ཆབས་ཅིག་འབྱུང་འགྱུར་ལ་ཁ་ཕྱོགས་ཀྱི་ཡོད་ཅེས་བཤད་ཅིང་། “དེང་རབས་འཛད་སྤྱོད་པས་སྤུས་རྟགས་གསར་པར་དེ་བས་ཡིད་ཆེས་བྱེད་འདོད་ཡོད། གལ་ཏེ་བཟོ་ལས་ཇུས་འགོད་བེད་སྤྱོད་ཡག་པོ་བྱས་ཚེ། གསར་གཏོད་བྱས་པ་བརྒྱུད་ནོར་གནག་དང་བོད་སྤོས་སོགས་ཀྱི་ཐོན་རྫས་སྤུས་རྟགས་སུ་བཏོད་ན། བོད་ལྗོངས་འཕེལ་རྒྱས་ཀྱི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་རེད”ཅེས་བརྗོད།

     འགྲན་ཞུགས་པ་ལི་ཨོ་རན་གྱིས། ལྷ་སའི་གསར་གཏོད་ཁེ་ལས་ཤིག་གི་སྲོལ་གཏོད་མཁན་ཞིག་ཡིན་པའི་ངོས་ནས་ཐོན་རྫས་ཇུས་འགོད་དང་། ཐོན་སྐྱེད། ཁྲོམ་ར་ཁྱབ་གདལ་སོགས་ཐད་ད་དུང་མི་འདང་ས་ཡོད། ད་ཐེངས་འགྲན་བསྡུར་ལ་ཞུགས་པ་བརྒྱུད་འབྱུང་འགྱུར་སྤུས་རྟགས་འཕེལ་རྒྱས་ལ་སྔར་ལས་ཁ་གསལ་བ་དང་སྔར་ལས་ངེས་གསལ་བའི་བསམ་ཕྱོགས་ཤིག་བྱུང་ཡོད། “དེ་གོང་ཐོན་རྫས་ཇི་ལྟར་འཚོང་རྒྱུའི་ཐད་བསམ་བློ་མང་པོ་བཏང་ཡོད། ད་ལྟ་ཇི་ལྟར་བྱས་ན་འཛད་སྤྱོད་པས་ངའི་ཐོན་རྫས་ལ་ཁས་ལེན་པ་དང་མུ་མཐུད་དུ་ཉོ་འཇུག་པར་བསམ་བློ་བཏང་བ་བརྒྱུད། བོད་ལྗོངས་ཀྱི་དྲ་ཐོག་སྐད་གྲགས་ཆོད་པའི་སྤུས་རྟགས་ཤིག་ཏུ་དངོས་སུ་གཏོད་རྒྱུ་ཡིན”ཞེས་བཤད།


http://tibet.people.com.cn/15822403.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1