ཟླ་8པའི་ཚེས་18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་བཀའ་མངགས་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་ལི་ཧྲན་གྲོང་ཁྱེར་དུ་ཕེབས་ནས་ཆུ་ལོག་སྔོན་འགོག་གི་ཉེན་སེལ་ལས་དོན་ལ་ཁྲིད་སྟོན་བྱས་པ་དང་། གནོད་ཐེབས་མང་ཚོགས་དང་འབྲུབ་འགོག་ཉེན་སེལ་གྱི་ལས་གནས་དང་པོར་འབད་འཐབ་བྱེད་མཁན་གྱི་དམག་དཔུང་གི་དཔོན་དམག་དང་། ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་བཅས་ལ་ལྟ་བ་དང་འཚམས་འདྲི་གནང་ལ། ཞིང་ཆེན་གནམ་གཤིས་ཅུས་སུ་ཕེབས་ཏེ་ཉེ་དུས་ཀྱི་གནམ་གཤིས་ཀྱི་གནས་ཚུལ་ལ་གྲོས་མོལ་བྱས། བརྙན་ལམ་ཐོག་ནས་འབྲེལ་ཡོད་ས་གནས་ཀྱི་འབྲུབ་འགོག་གེགས་སེལ་གྱི་ལས་དོན་བཀོད་གཏོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། སྟོབས་ཤུགས་གཅིག་སྒྲིལ་དང་། ཚན་རིག་དང་མཐུན་པའི་གནོད་སེལ་བྱེད་པ། འཇིགས་སྐུལ་ཐེབས་པའི་མང་ཚོགས་དང་རོགས་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཆུ་ལོག་ལས་བྱུང་བའི་གྱོང་གུན་དམའ་ཤོས་སུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཉིན་དེའི་ཕྱི་དྲོར་དབྱི་ལི་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་སུ་ཕེབས་ནས་བརྟག་ཞིབ་གནང་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་གནམ་གཤིས་ཅུས་ཀྱིས་དུས་ཐོག་དང་གནད་ལ་འཁེལ་བའི་སྔོན་བརྡ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གེགས་སེལ་ལས་དོན་ཐད་བྱས་རྗེས་ཧུར་ཐག་གིས་བཞག་པར་བཀའ་དྲིན་ཞུས། ཚང་མས་ལས་གནས་ཐོག་རྐང་ཚུགས་པར་བྱས་ཏེ་ལས་དོན་ཡག་པོ་བསྒྲུབ་པ་དང་། སློབ་སྦྱོང་དང་བརྩོན་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ཚན་རྩལ་ལས་དོན་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་བར་བསྔགས་བསྐུལ་བྱས་པ་རེད།
དབྱི་ལི་ཡིས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག ཚན་པ་ཁག་གིས་འབྲུབ་འགོག་གེགས་སེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་རེའི་ཞིང་ཆེན་གྱི་མིག་སྔའི་འབྲུབ་འགོག་གེགས་སེལ་ལས་དོན་ཐད་འཕྲད་པའི་ཛ་དྲག་གི་དུས་བབ་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་འབྲེལ། ཆུ་ལོག་སྔོན་འགོག་གི་རྣམ་པ་རྒྱུན་འཁྱོངས་དང་། གནད་དོན་གྱི་ཁྲིད་ཕྱོགས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས། ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། གེགས་སེལ་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱ་རྒྱུར་སྔར་བས་དམ་འཛིན་ཞིབ་ཕྲ་བྱས་ཏེ། གཅིག་ནས་ཐབས་བརྒྱ་ཇུས་སྟོང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། ལུས་ཁམས་བདེ་ཐང་། རྒྱུ་ནོར་བདེ་འཇགས་བཅས་ལ་འགན་སྲུང་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཉེན་སེལ་དང་། ཕྱིར་འཐེན། རོགས་སྐྱོབ་བཅས་ཀྱི་སྔོན་ཇུས་ཁག་འཐུས་ཚང་དུ་བཏང་ནས། རོགས་སྐྱོབ་སྒྲིག་བཀོད་སྒྲིག་ཆས་དང་དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀར་གྲ་སྒྲིག་གང་ལེགས་བྱ་དགོས། མཉམ་འབྲེལ་བཀོད་འདོམས་དང་། མཉམ་གྲོས་བཀོད་གཏོང་། ཆ་འཕྲིན་མཉམ་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཆུ་འབྲུབ་དུས་སུ་ལས་རེས་དང་ལས་གནས་སྲུང་བར་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཆེད་ལས་ཀྱི་སྟོབས་ཤུགས་བཀོད་གཏོང་བྱེད་པ། གཞི་རིམ་གྱི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་གང་ལེགས་བྱས་ནས། འབྲུབ་འགོག་གེགས་སེལ་གྱི་ལས་དོན་བྱེད་ཐབས་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། གེགས་རྗེས་བསྐྱར་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལོ་འགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་ཧུར་ཐག་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།