ཉིན་2རིང་གི་འགྲེམས་ཚོགས་ཀྱི་ཚོང་འགྲིག་ཚད་ཁྲི་4ཙམ་ཟིན་པ།
འདི་ནི་འགྲེམས་ཚོགས་ཀྱི་ཡུལ་དངོས་ཡིན་པ།
མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་དམངས་ཁྲོད་གནའ་རྫས་འགྲེམས་སྟོན་དང་ཉོ་ཚོང་ཚོགས་ཆེན་གེ་སར་མཁར་གྲོང་དུ་འགོ་ཚུགས་ཤིང་། བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ནས་ཡོང་བའི་གནའ་རྫས་ཚོང་པ་དང་གནའ་རྫས་ཉར་ཚགས་མཁན་ཆིག་སྟོང་ལྷག་ཙམ་མཉམ་དུ་འཛོམས་ཏེ། གསོག་ཉར་དངོས་རྫས་སྤེལ་རེས་དང་མཛེས་དཔྱོད་ལག་རྩལ་བསྡུར་རེས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་གཟའ་འཁོར་གཅིག་རིང་གི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
སྨྱུག་འཛིན་པ་གེ་སར་མཁར་གྲོང་གི་ཐང་ཆེན་དུ་སླེབས་པ་ན། རྒྱང་རིང་ནས“དཀར་མཛེས་རྫོང་གི་དམངས་ཁྲོད་གནའ་རྫས་འགྲེམས་སྟོན་དང་ཉོ་ཚོང་ཁྲོམ་ར”ཞེས་པའི་ཡིག་བྱང་ཆེན་པོ་དེ་མཐོང་སོང་། གནའ་རྫས་ཁྲོམ་ར་ཧྲིལ་པོས་གེ་སར་མཁར་གྲོང་རྟེན་གཞིར་བྱས་ནས། སེང་འབྲུག་སྟག་རྩེ་ཕོ་བྲང་ལ་བསྐོར་ནས་རིང་ཚད་ལ་སྨི་300ཙམ་ཡོད་པའི་གནའ་རྫས་ཁྲོམ་གཞུང་ཞིག་བཙུགས་ཡོད། ད་ཐེངས་ཀྱི་གནའ་རྫས་ཉོ་ཚོང་འདུ་ཚོགས་ཀྱིས“ལོ་རྒྱུས་རྒྱུན་འཛིན་དང་དཔལ་འབྱོར་དར་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། གནའ་རྫས་སྣ་ཚོགས་ནང་བོད་མི་རིགས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་དང་། བོད་བཟོའི་ལག་ཤེས་ཐོན་རྫས། ཆོས་ལུགས་ཀྱི་ཡོ་ཆས། བྱུ་རུ། གཟི། གསེར་དངུལ་ཟངས་ཆས། མིང་ཆིང་རྒྱལ་རབས་ཀྱི་གློ་གྲི། ཆིང་རྒྱལ་རབས་ཀྱི་ར་དངུལ་རྒྱ་ཊམ་སོགས་ཚུད་ཡོད། སྤེལ་རེས་དང་གཟིགས་དཔྱད་བྱེད་པའི་མི་རྣམས་རྒྱུན་ཆད་རྒྱུ་མེད། གྲོང་མི་དང་། རྩེད་བྱེད་ཉར་ཚགས་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་དང་ཉེ་འཁོར་ས་ཁུལ་གྱི་་གནའ་རྫས་ཉོ་མཁན་སྤེལ་རེས་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
དཀར་མཛེས་རྫོང་ནི་གནའ་སྔ་མོ་ནས་བཟུང་ཁྲོན་བོད་འགྲིམ་འགྲུལ་གྱི་ལྟེ་གནས་ཡིན་ཞིང་། ཇ་རྟ་གནའ་ལམ་གྱི་གྲོང་རྡལ་གལ་ཆེ་དང་ཚོང་པ་འགྲོ་འོང་བྱེད་ས་ཞིག་ཀྱང་ཡིན། དེ་ནང་ནས་དར་རྩེ་མདོ་དང་། ཁྲེང་ཏུའུ་དང་འབྲེལ་ལ། ཕྱི་ནས་མཚོ་སྔོན་དང་། བོད་ལྗོངས། ཀན་སུའུ་བཅས་དང་འབྲེལ་ཡོད། དཀར་མཛེས་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་མང་པོ་ཞིག་གིས་རྩེད་བྱེད་སྒྱུ་རྩལ་བརྩམས་ཆོས་ཉར་ཚགས་བྱེད་རྒྱུར་དགའ་པོ་ཡོད་པ་རེད། དེས་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། གནའ་རྫས་ཁྲོམ་རའི་འཁྲུག་ཆ་དོད་པོར་སྐུལ་འདེད་ནུས་ལྡན་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཐོན་ཡོད།
མིག་སྔར། དཀར་མཛེས་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཀྱང་གྲ་སྒྲིག་ལས་ཀ་མི་ཉུང་བ་ཞིག་བྱས་ཡོད་ལ། གཟིགས་སྐྱོང་བྱ་ཐབས་དང་མི་གཤིས་ཅན་གྱི་ཞབས་ཞུ་མང་པོ་བཏོན་ཡོད་དེ། ཚོང་པས་ཚོང་རྫས་སར་བཤམས་ནས་གཅིག་སྡུད་ཐོག་འགྲེམས་སྟོན་ནང་ཞུགས་པའི་བྱེད་ཐབས་སྤྱད་བཅུག་པ་དང་། འགྲེམས་ཞུགས་ཚོང་པར་གཏེར་ཆུ་དང་བཟའ་བཏུང་སོགས་རྨང་གཞིའི་འགན་ལེན་རིན་མེད་ངང་མཁོ་འདོན་བྱས་ཏེ་གནའ་རྫས་གཉེར་སྐྱོང་མཁན་ཁྲོམ་ར་གསར་པར་ཡོང་རྒྱུའི་ཡིད་དབང་བཀུག་ནས། རྒྱལ་ཡོངས་ཀྱི་བོད་བཟོའི་གནའ་རྫས་ཁྲོམ་ར་ཆེ་ཤོས་གཏོད་རྒྱུའི་བརྩོན་ལེན་བྱས་པ་རེད།
དཀར་མཛེས་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས། གོམ་སྟབས་རྗེས་མར་དཀར་མཛེས་རྫོང་གིས་གནའ་རྫས་ཁྲོམ་ར་ཆེད་ལས་ཅན་དུ་འགྱུར་བ་བྱས་ནས་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ། རིག་གནས་དང་འཛད་སྤྱོད། དམངས་ཕན་གཞི་གཅིག་ཅན་ཆགས་པ་བྱས་ནས་ཡུལ་སྐོར་ལྟེ་བར་བྱས་ཏེ་དཀར་མཛེས་རྫོང་གི་གནའ་རྫས་ཁྲོམ་རའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། རྫོང་ནང་དུ་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། གེ་སར་མཁར་གྲོང་གི་ཁྲོམ་གཞུང་དེ་གཞི་ཁྱོན་ཅུང་ཆེ་བ་དང་ཤུགས་རྐྱེན་གཏིང་ཟབ་ལྡན་པའི་རིག་གནས་ཐོན་རྫས་སྤེལ་རེས་དང་ཉོ་ཚོང་ལས་སྟེགས་ཤིག་ཏུ་བསྐྲུན་ནས་དེ་བས་ཚད་ལྡན་དང་། དེ་བས་ཆ་ཚང་བ། དེ་བས་རིམ་པ་མཐོ་བ་བཅས་ཀྱི་གནའ་རྫས་ཉོ་ཚོང་ཁྲོམ་ར་ཞིག་ཏུ་གཏོད་རྒྱུ་དང་འབྲེལ། བོད་མི་རིགས་ཀྱི་སྤུས་ལེགས་རིག་གནས་ཀྱི་ནང་དོན་མངོན་པ་དང་། དཀར་མཛེས་ཀྱི་རིག་གནས་སྔོག་འདོན་དང་། ས་གནས་དེ་གའི་རིག་གནས་ཐོན་རྫས་གསར་སྐྲུན་དང་ཁྱབ་གདལ་གཏོང་བར་གཞོལ་ནས། ཡུལ་སྐོར་དང་། ལྟ་སྐོར། འཛད་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཀྱི་སྐར་ཁུང་ཞིག་ཧུར་ཐག་བསྐྲུན་ཏེ། དཀར་མཛེས་རྫོང་གི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བར་འཇུག་རྒྱུ་ཡིན་ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་8ཚེས་18ཉིན་བར་ད་ཐེངས་ཀྱི་འགྲེམས་ཚོགས་ཀྱི་ཚོང་འགྲིག་ཚད་ཁྲི་4000ཙམ་ཟིན་ཡོད་པ་རེད།
འདི་ནི་འགྲེམས་ཚོགས་ཀྱི་ཡུལ་དངོས་ཡིན་པ།
འདི་ནི་འགྲེམས་ཚོགས་ཀྱི་ཡུལ་དངོས་ཡིན་པ།
http://tibet.people.com.cn/15821385.html