བདེ་སྐྱིད་གྲོང་ཚོའི་བདེ་སྐྱིད་གསང་གྲངས། “ཆུ་སྣུམ་ལས་དཀོན་པ”ནས“རི་ཆུའི་མཛེས་ཉམས་ལ་རོལ་བའི”བར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-19


འདི་ནི་ཟླ་8ཚེས་14ཉིན་ཡུལ་སྐོར་བས་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོའི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པའི་རྣམ་པ་ཡིན།
      ཀྲུང་གོ་གསར་འགྱུར་དྲ་བ་ནས་གནས་ཚུལ་འབྱོར་གསལ།
     འཐུང་ཆུའི་དཀའ་ངལ་ཇི་འདྲ་ཞིག་ཡོད་དམ།
     “གཞན་ལ་ཆུ་གཡར་ཆོག་ཀྱང་སྦྱིན་མི་ཆོག”ཅེས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་གྲོང་ཚོའི“ཧྲུའུ་ཅི་དང་པོ”ལོ་བརྒྱ་ཚེ་རིང་གིས་ཉིན་ཤས་གོང་འདི་ལྟར་བཤད། དེ་སྔའི་དུད་ཚང་དབུལ་པོ་ཁག་གཅིག་ལ་མཚོན་ན“ཆུ་སྣུམ་ལས་གོང་ཆེ”ཞེས་པ་དེར“‘ཆུ་དཀོན་པའི’ཚད་འདི་འདྲ་ཞིག་ལ་སླེབས་ཡོད”ཅེས་བརྗོད། 
     བདེ་སྐྱིད་གྲོང་ཚོའི་ལོ50ལ་སླེབས་པའི་བོད་པ་ཤ་བོ་དོན་གྲུབ་ནི་ཕ་མེས་དང་འདྲ་བར། དེ་སྔོན་རོང་མ་འབྲོག་གི་འཚོ་བ་སྐྱེལ་ཞིང་། གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་པས། ལོ་གང་བོར་འབྲུ་རིགས་མང་པོ་ཐོན་མི་ཐུབ། ཆུ་འཐུང་ན་མིས་ཁུར་བར་བརྟེན་དགོས། ཆུ་ལེན་ཐེངས་རེར་ཆུ་ཚོད་གཉིས་གསུམ་ཙམ་དགོས་ཀྱི་ཡོད། 
     ཕ་མ་གཉིས་ཀ་དབང་པོ་སྐྱོན་ཅན་ཡིན་པ་དང་། ཁང་པར་རྒྱུན་དུ་ཐིགས་ཆུ་འཛག་པ། ཁྱིམ་མི་ལྔ་པོ་ཚ་ཐབ་གཅིག་གི་ཐོག་ལ་འཚང་དགོས། ས་དོང་ཞིག་བརྐོས་ནས་གསང་སྤྱོད་བྱས་ཡོད་པ་སོགས་ཤ་བོ་དོན་གྲུབ་ཀྱིས་གསར་འགོད་པར་སྡུག་བཤད་བྱས། “སྐབས་དེ་དུས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་མི་དམངས་ཤོག་སྒོར་བརྒྱ་ཕྲག་ཁ་ཤས་ལས་ཟིན་གྱི་མེད། སྐད་ཆ་འདི་གཞན་ལ་བཤད་ནའང་ཡིད་མི་ཆེས”ཞེས་བརྗོད། 
     རང་སས་རང་མི་མ་སོས་པར། རི་འགོའི་གནད་དོན་རི་འདབས་ནས་ཐག་གཅོད་དགོས། 
     2016ལོའི་ཟླ9པར། གཅན་ཚ་རྫོང་གིས་འཚོ་གནས་ཀྱི་ཆ་རྐྱེན་ཞན་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཚབས་ཆེན་ཐེབས་པའི་ཤང་དང་གྲོང་རྡལ་7གྱི་གྲོང་ཚོ30ཡི་ཞིང་འབྲོག་དུད་ཚང251གི་མི946ས་བབ་ལེགས་པའི་རྨ་ཆུའི་འགྲམ་གྱི་བདེ་སྐྱིད་གྲོང་ཚོར་དབུལ་སྐྱོར་གནས་སྤོ་བྱས་པ་རེད།
     གནས་སྤོ་ཐུབ་ཀྱང་བརྟན་པོ་དང་ཕྱུག་པོར་འགྱུར་ཐུབ་བམ་ཞེ་ན། བདེ་སྐྱིད་གྲོང་ཚོས་གནམ་གཤིས་དང་། ས་ཁོངས། རྨ་ཆུའི་ཆུ་བེད་མཛེས་ལྗོངས་སོགས་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་འདྲེན་དུ་བྱས་ཏེ་ཁྱད་ལྡན་ཞིང་ལས་དང་། རིག་གནས། འོད་ཤུགས་སོགས་མཉམ་འདྲེས་གཏིང་ཟབ་ཐུབ་པའི“ལས་རིགས་མང་པོ་མཉམ་གནས་དང་རེས་སྐོར་མང་པོའི་སྐུལ་ཁྲིད”བྱས་པའི་དབུལ་སྐྱོར་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ་རེད།
     2020ལོའི་གོང་དུ་གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་འོག་བདེ་སྐྱིད་གྲོང་ཚོས“བོད་ཁྱིམ་སྤྲོ་སྐྱིད་ཁང”38བསྐྲུན་ཡོད། གྲོང་ཚོའི་ནང་གི་གྲོང་གསེབ་ཏུ་ཡུལ་སྐོར་བྱེད་མཁན་ཉིན་རེ་བཞིན་མང་དུ་གྱུར་བ་དང་ཐ་ན་རླངས་འཁོར་འཇོག་སའང་འཚོལ་དཀའ། ད་ལོར་གྲོང་མི་དུད་ཚང་12ཀྱིས་རང་འགུལ་ངང“བོད་ཁྱིམ་སྤྲོ་སྐྱིད་ཁང”གཉེར་བ་རེད། 
     ཤ་བོ་དོན་གྲུབ་ཀྱིས་ཁང་པ་གཙང་སྦྲ་བྱས་ཏེ། བོད་བཟོའི་ཁྱིམ་ཆས་བསྒྲིགས་ནས“བོད་ཁྱིམ་སྤྲོ་སྐྱིད་ཁང”བཙུགས་པ་རེད། འོན་ཀྱང་དང་ཐོག་ཚོང་གཉེར་བྱེད་ཁག་པོ་ཡོད་དེ། “དངུལ་མི་རག་པ་དང་ཚོང་གཉེར་བྱེད་མི་ཤེས། དེ་རྗེས་ང་གསོ་སྦྱོང་ལ་ཞུགས་ལ་ཇ་མ་ཞིག་ཀྱང་གླས་པ་ཡིན། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་ཡོད”ཅེས་བརྗོད།
     ལོ་བརྒྱ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་གྲོང་ཚོར་འོད་ཤུགས་དབུལ་སྐྱོར་ལག་བསྟར་བྱས་ནས་རང་སྤེལ་རང་སྤྱོད་དང་གློག་ལྷག་དྲ་བར་ཞུགས་པས། རྣམ་གྲངས་དེ་ཁོ་ནར་དུད་ཚང་རེའི་ལོའི་ཡོང་འབབ་སྒོར་5000ཡན་ཟིན་ཡོད། དེའི་ཁར་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ཀྱི་ཡོང་འབབ་དང་སྡོང་ཕྲུག་མཉམ་ལས་ཁང་དང་། གྲོང་གསེབ་ཡུལ་སྐོར། གྲོང་ཚོའི་མཉམ་ལས་དཔལ་འབྱོར་བཅས་ཀྱི་ཁེ་སྤོགས་བགོ་བཤའ་བརྒྱབ་ན“ད་ཆ་སྲིད་གཞུང་གི་ཁ་གསབ་གང་ཡང་མེད་པའི་དབང་དུ་བཏང་ནའང་། བདེ་སྐྱིད་གྲོང་ཚོའི་མི་ཚོས་ཀྱང་དབུལ་སྒྲོལ་ཐུབ”ཅེས་བརྗོད།
     ཤ་བོ་དོན་གྲུབ་ཀྱིས་རླངས་འཁོར་ཉོས་པས། “བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་ཚོང་ཟོག་འདྲེན་པར་སྟབས་བདེར་གྱུར། “གནས་སྤོ་མ་བྱས་གོང་མི་གཞན་གྱིས་ང་ལ་ཁ་ལོ་བའི་ལག་ཁྱེར་ལེན་དགོས་ཚུལ་བཤད་ན་ཡང་། ངའི་བསམ་པར་མི་ཚེ་འདིར་རླངས་འཁོར་ཉོ་མི་ཐུབ་ཐག་ཆོད་ཡིན་པས། རླངས་འཁོར་སྐོར་བ་སྦྱོང་པའི་བསམ་པ་ཡང་ཡོད་མ་མྱོང”ཟེར།
     སྔོན་ཆད་ལག་ཁྱེར་ཁ་པར་བཀོལ་མ་མྱོང་པའི་ཤ་བོ་དོན་གྲུབ་ལ་ད་ལྟར་རིག་ནུས་ལག་ཐོགས་ཁ་པར་ཡོད་པས་དོན་དག་ཆེ་ཆུང་ཚང་མ་རྒྱུན་དུ་སྐད་འཕྲིན་བརྒྱུད་ནས་འབྲེལ་གཏུག་བྱེད་ཀྱི་ཡོད།
     དུད་ཚང་དབུལ་པོ་ནས་དུད་ཚང་ཕྱུག་པོའི་བར། “འཐུང་ཆུ་དཀོན་པོ”ནས་དྭངས་ཤིང་གཙང་བའི་རི་ཆུའི་བར་དུ་སྡོད་པའི“ཀྲུང་གོའི་སོས་དལ་གྲོང་གསེབ་མཛེས་ཤོས”ཀྱི་བར་བདེ་སྐྱིད་གྲོང་ཚོའི་མི་རྣམས་དགའ་སྤྲོའི་རྣམ་པས་ཁེངས། སྡེ་འདབས་ཀྱི་གྱང་ངོས་སུ་སྦྱར་ཡོད་པའི་གནས་སྤོས་སྔ་རྗེས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་བསྡུར་རེས་བྱས་པའི་པར་རིས་ལས་ཀུན་གྱི་འཚོ་བའི་ཐད་ལ་འགྱུར་ལྡོག་ག་ཚོད་བྱུང་བ་གསལ་པོར་མཐོང་ཐུབ།
     “བདེ་སྐྱིད་གྲོང་ཚོའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དེ་གཅན་ཚ་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་ལོ་བརྒྱ་ཚེ་རིང་གིས་སྤོབས་པ་སྐྱེས་པའི་ངང་བཤད། 
     དེ་སྔོན་གཅན་ཚ་རྫོང་གི་རྫོང་དཔོན་བསྟན་འཛིན་གྱིས་རྫོང་དེའི་མི་འབོར་བསྡོམས་འབོར་གྱི་དྲུག་ཆ་གཅིག་ཟིན་པའི་མི་འབོར་དབུལ་པོ་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་ཐུབ་ཡོད། ད་ཆ“རྗེས་མཐུད་སྲ་བརྟན་ཆེན་པོ་དགུ” སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བཞིན་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ནས། དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་འགུལ་རྣམ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཤད་པ་རེད། 
     མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ནས་གནས་ཚུལ་འབྱོར་གསལ། ཞིང་ཆེན་དེའི་རྫོང(གྲོང་ཁྱེར་དང་ཆུས)42ཚང་མ་རྫོང་དབུལ་པོའི་གྲལ་ནས་ཐར་བ་རེད། དབུལ་པོ་དབུལ་རྐྱང་ཁྱོན་ཡོངས་ནས“གཙང་སེལ”བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། རྗེས་ཕྱོགས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡོང་བར་མུ་མཐུད་དམ་འཛིན་ཡག་པོ་དང་། དབུལ་ཞྭ་ཕུད་རྗེས་ལྷོད་གཡེང་སྒྱིད་ལུག་བྱེད་རིགས་ནན་འགོག དབུལ་ཕོངས་གནད་འཁེལ་སྔོན་འགོག་དང་བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཡུན་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་དུས་བཀག་ལྟར་ཕྱོགས་ཡོངས་ནས་མཇུག་བསྡུའི་འགན་ལེན་བྱ་རྒྱུ་རེད།
འདི་ནི་ཟླ་8ཚེས་14ཉིན་དམངས་ཁྲོད་ཀྱི་བདམས་ཐོན་པ2020ལོའི་མཚོ་སྔོན་གཅན་ཚ་བདེ་སྐྱིད་ཀྱི“གཡང་མདའ”འགྲན་བསྡུར་ནང་ཞུགས་པའི་རྣམ་པ་ཡིན།

ཟླ་8ཚེས་14ཉིན་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་བདེ་སྐྱིད་གྲོང་ཚོའི་རྨ་ཆུའི་འགྲམ་གྱི་ཡུལ་ལྗོངས།

http://tibet.people.com.cn/15821289.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1