“འཁྱམ་པོའི་གྲོང་ཚོའི”འཕོ་འགྱུར།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-14
སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ཚེ་མགོན་ཤང་ཚྭ་ཁ་གྲོང་ཚོ་ནི་རྒྱལ་ལམ་318གྱི་འགྲམ་དུ་གནས་ཡོད་ལ། ཡར་སྔོན་དེ་ནི་གང་སར་སྐད་གྲགས་ཆོད་པའི“འཁྱམ་པོའི་གྲོང་ཚོ”ཞིག་རེད།
ད་ལྟ་ནི་ཁྲོན་བོད་ས་མཐོའི་མཚར་སྡུག་ཆེ་ཤོས་ཀྱི་དུས་ཚིགས་ཡིན་ལ། ཡུལ་ལུང་ཀུན་ཏུ་སྐལ་བཟང་མེ་ཏོག་བཞད་ཅིང་ནོར་ལུག་ཁྱུ་ཚོགས་རྩྭ་ཆུར་ཅི་དགར་རོལ། ཚྭ་ཁ་གྲོང་ཚོའི“བདེ་སྐྱིད་ཆུ་ཚན་སོས་དལ་སྤྲོ་གསེང་གཞིས་ཀའི”སྒོ་རའི་ནང་རླངས་འཁོར་10ལྷག་ཙམ་བཞག་ཡོད་པ་དང་། ལོ་49ལ་སླེབས་པའི་བུ་བདེས་ཕར་འགྲོ་ཚུར་འོང་གི་མི་ཚོར་ལྟ་བཞིན་གདོང་ནས་དགའ་བའི་འཛུམ་མདངས་ངང་གིས་འཕྱུར།
ཧ་གོ་དོན་རྟོགས་པ་ནས་བཟུང་། བུ་བདེ་ཨ་མ་དང་མཉམ་དུ་གང་སར་འཁྱམ་ལ། མཐར་ཚྭ་ཁ་གྲོང་ཚོའི་ཆུ་ཚན་གྱི་འགྲམ་དུ་གཞིས་ཆགས་པ་རེད། བུ་བདེའི་ནང་དང་འདྲ་བར་ཚེ་མགོན་ཤང་གི་སྲིད་འཛིན་གྲོང་ཚོ་8ཀྱི་དུད་ཚང་མང་པོ་ཞིག་གནས་འདི་ལ་འཁྱམས་ནས་ཡོང་བ་དང་། རིམ་བཞིན་དེ་སྔོན་གྱི་དུད་ཚང་15ནས་ད་ཆའི་དུད་ཚང་100བར་མང་དུ་ཕྱིན་ཞིང་། 1995ལོར་ཚྭ་ཁ་གྲོང་ཚོ་དངོས་སུ་བཙུགས་པ་རེད།
2014ལོར་ཚྭ་ཁ་གྲོང་ཚོ་དེ་གྲོང་ཚོ་དབུལ་པོར་གཏན་འཁེལ་བྱས་ཤིང་། “འཁྱམ་པོའི་གྲོང་ཚོ”ཡིན་པས་གྲོང་མི་མང་ཆེ་བར་འབྲི་གཡག་མེད་ལ། གསོ་ཚགས་ལས་རིགས་ཀྱང་འཕེལ་རྒྱས་གཏོང་ཐབས་བྲལ། གང་འདྲ་བྱས་ཏེ་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱེད་དགོས་སམ།
“འཕེལ་རྒྱས་མ་བྱུང་ན་ཡུལ་མི་ཚོ་སྔར་བཞིན་དབུལ་པོར་གནས་སྲིད” 2015ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཇམ་དབྱངས་ཀྱིས་གྲོང་ཚོའི་ནང་གི་ཆུ་ཚན་ཐོན་ཁུངས་བེད་སྤྱོད་བྱ་རྒྱུའི་སེམས་ཐག་བཅད་པ་རེད། ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད་གྲོང་ཚོར་ཆུ་རྫིང་4ཡོད་པའི་སྟབས་བདེའི་ཆུ་ཚན་མགྲོན་ཁང་ཞིག་གྲོང་ཚོའི་ནང་དུ་གཉེར་འགོ་བརྩམས། ཡིན་ཡང་ཆུའི་ཚ་གྲང་སྙོམས་སྒྲིག་ཡག་པོ་མ་ཐུབ་པས་མགྲོན་ཁང་དུ་ཡོང་མཁན་མང་པོ་མེད་པ་རེད། “སྟབས་ལེགས་པ་ཞིག་ལ་ཆུ་ཚན་ཕུད། 2017ལོར་གྲོང་ཚོའི་ནང་སྦྲ་གུར་གྲོང་བརྒྱབ་པའི་ཁར་རྩྭ་བཏབ་པའི་ངལ་ནུས་ཡོང་འབབ་སོགས་ལས་ཚང་མའི་ཡོང་འབབ་ཅུང་ཟད་འཕར་བྱུང”ཞེས་འཇམ་དབྱངས་ཀྱིས་སྤོབས་སེམས་ཆེན་པོས་བརྗོད།
རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་2018ལོར་ཚྭ་ཁ་གྲོང་ཚོ་གྲོང་ཚོ་དབུལ་པོ་ནས་ཕྱིར་འཐེན་བྱས་པ་དང་། བུ་བདེའི་ཁྱིམ་གྱིས་དམངས་ཕན་མ་དངུལ་དང་གྲོང་ཚོའི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཁར། བུས་གླ་པ་རྒྱུག་པའི་ཡོང་འབབ་ཀྱང་ཡོད་པས་འཚོ་བ་སྐྱིད་པོ་སྐྱེལ་འགོ་ཚུགས། “དེ་སྔོན་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས། གློག་གི་ཇ་སྲུབ་འཕྲུལ་ཆས་སོགས་མེད་ཀྱང་ད་ལྟ་སྤྱོད་རྒྱུ་བྱུང”ཞེས་བུ་བདེས་བརྗོད།
ཡིན་ཡང་ཆུ་ཚན་གྱི་རྣམ་གྲངས་ཡག་པོ་བྱུང་མེད་པ་དེ་གྲོང་ཚོ་ཧྲིལ་པོའི་མི་ཚོའི་སེམས་ནད་ཅིག་ཏུ་གྱུར།
2018ལོར་ལི་ཐང་རྫོང་གིས་ཚེ་མགོན་ཁང་ཤང་དུ“ཆུ་ཚན་གྲོང་རྡལ”གཏོད་རྒྱུའི་གྲོས་འགོ་བཏོན་པ་དང་། གྲོང་སྡོད་ལས་དོན་རུ་མིས་རྒྱབ་སྐྱོར་དང་ཕྱོགས་མང་པོའི་རོགས་རམ་འོག་ཚྭ་ཁ་གྲོང་ཚོའི་གྲོང་མི་ཚོར“ཆུ་ཚན་ཡུལ་སྐོར་གྲོང་ཚོ”བཏོད་པའི་སྤོབས་པ་སླར་ཡང་སྐྱེས་པ་རེད།
2018ལོའི་ཟླ་9པར་ཕྱོགས་མང་པོའི་རྒྱབ་སྐྱོར་འོག་ཚྭ་ཁ་གྲོང་ཚོའི་མཉམ་སྡེབ་ཆུ་ཚན་སྒྱུར་བཀོད་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ནས་གྲོང་མི་ཚོ་འོས་འགན་ངལ་རྩོལ་ནང་ཞུགས་པ་དང་། ལོ་གཅིག་རིང་འབད་འཐབ་བྱས་པ་བརྒྱུད་ཆུ་རྫིང་4ནས་10བར་མང་དུ་ཕྱིན་པ་དང་། དེ་སྔོན་བསྐྲུན་པའི་ཆུ་ཚན་གྱི་ཁྲུས་རྒྱག་ལྟེ་གནས་2019ལོའི་ཟླ་7པ་ནས་དངོས་སུ་གཉེར་འགོ་ཚུགས་རྗེས་ཚོང་ཡག་པོ་བྱུང་ནས་ལོ་གཅིག་གི་ཡོང་འབབ་ཁྲི་40ཟིན་པ་རེད།
འཕེལ་ཕྱོགས་བཟང་བ་དང་བསྟུན་ནས་ཆུ་ཚན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ལས་གྲྭ་སྐྲུན་འགོ་ཚུགས་པ་རེད། 2020ལོའི་ཟླ་8ཚེས་5ཉིན་རྒྱ་ཁྱོན་མུའུ་15ཟིན་པའི་ཚྭ་ཁ་གྲོང་ཚོའི“བདེ་སྐྱིད་ལྡན་པའི་ཆུ་ཚན་སོས་དལ་སྤྲོ་གསེང་གི་གཞིས་ཀ”དངོས་སུ་གཉེར་འགོ་ཚུགས་པ་རེད། ཆུ་ཚན་གཞིས་ཀར་རང་བྱུང་ཆུ་ཚན་གྱི་སྨན་ལུམས་རྒྱག་ས་དང་། ཁང་པའི་ནང་གི་ཆུ་རྐྱལ་ཁང་། བཟའ་བཏུང་ཙག་ཙིག དམངས་སྲོལ་མགྲོན་ཁང་གི་སྣེ་ལེན། སྤྲོ་གསེང་སོས་དལ་བཅས་གཞི་གཅིག་ཏུ་འདུས་ལ། མི་1200སྣེ་ལེན་བྱེད་ཐུབ་པ་རེད།
སྤྲོ་གསེང་ཁང་གཉེར་འགོ་ཚུགས་པའི་ཉིན་དེར་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མ་ལྟ་རུ་སླེབས་པ་རེད། འཇམ་དབྱངས་ཀྱིས་གྲོང་ཚོའི་མཉམ་སྡེབ་ཆུ་ཚན་གྱི་རྣམ་གྲངས་ཚང་མ་བསྐྲུན་ཚར་རྗེས་སྔོན་དཔག་བྱས་ན་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་100ཟིན་གྱི་ཡོད་ལ། གྲོང་ཚོའི་མི་ཚང་མས་རྣམ་གྲངས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
གྲོང་མི་ཚོ་རིམ་བཞིན་ཕྱུག་པོར་ཆགས་པ་དང་བསྟུན་ནས“འཁྱམ་པོའི་གྲོང་ཚོའི”མིང་དེ་ཡང་ད་ཆ་གླེང་མཁན་གཅིག་ཀྱང་མེད་པར་གྱུར།