སྡེ་དགེ་རྫོང་མ་ཎི་གད་འགོའི་དགེ་རྒན་ཅན་ཧོང་ལགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 07-29


        དངོས་སུ་འགོ་བརྩམས་མ་ཐག་པའི་སྤྱི་ལོ་2020ལོ་འཁོར་གྱི་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་ཐད་ཀྱི་དཔེ་བཟང་འདེམ་སྒྲུག་བྱེད་སྒོའི་ནང་། སི་ཁྲོན་ཞིང་ཆེན་གྱི་དགེ་རྒན་3བདམས་ཐོན་བྱུང་བ་དང་། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་དཔེ་བཟང་གདམ་བྱའི་འོས་མི་66དེའི་ནང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་མ་ཎི་གད་འགོའི་སློབ་འབྲིང་གི་སློབ་གཙོ། དགེ་རྒན་ཅན་ཧོང་ཚུད་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྒྱལ་ཡོངས་དཔེ་ཁྲིད་མི་སྐྱོང་དཔེ་བཟང་འདེམ་སྒྲུག་བྱེད་སྒོ་ནི། དགེ་རྒན་དུས་ཆེན་ཐེངས་36པར་རྟེན་འབྲེལ་དྲིལ་བསྒྲགས་བྱེད་ཆེད་དང་། དུས་རབས་གསར་པའི་མི་དམངས་དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་ཉམས་བཟང་མངོན་པར་བྱེད་པ། རྒྱ་ཆེའི་དགེ་རྒན་གྱིས་སློབ་གསོར་འབད་ནས་རྒྱལ་ཁབ་ཀྱི་དྲིན་འཇལ་བའི་ཐོག་མའི་བསམ་འདུན་འཆང་བ་དང་།  འདུན་འཛུགས་མི་སྐྱོང་གི་འགན་འཁྲི་ཕྲག་ཏུ་འཁུར་བ། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་“བཞི་ལྡན་”དགེ་རྒན་བཟང་པོར་འགྱུར་བར་བརྩོན་ལེན་བྱེད་པ་བཅས་ལ་ཁྲིད་སྟོན་དང་། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་སྔར་ལས་ལྷག་པ་ཞིག་བསྐྲུན་ཆེད་རེད། 
   འདེམ་སྒྲུག་ཁྱབ་ཁོངས་ནི་དེ་སྔ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་བ་མ་ཟད། དཔེ་ཁྲིད་མི་སྐྱོང་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་ཡིན་པ་རེད། འོག་ནས་གོང་བར་དང་རིམ་པ་བཞིན་འོས་སྦྱོར་བྱེད་པའི་བྱེད་ཐབས་སྤྱད་ཡོད་པ་དང་། ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ཀྱིས་འོས་མི་འོས་སྦྱོར་བྱས་ཏེ་བདམས་ཐོན་བྱུང་བ་དང་། དེའི་ཁྲོད་ནས་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་12ཐོན་རྒྱུ་རེད།


 
   ཅན་ཧོང་། བུད་མེད། བོད་རིགས། སྤྱི་ལོ་1979ལོའི་ཟླ་བ་གཉིས་པར་འཁྲུངས། ཀྲུང་གུང་ཏང་ཡོན་ཡིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་མ་ཎི་གད་འགོ་སློབ་འབྲིང་གི་སློབ་གཙོ་དང་དགེ་རྒན་ཡིན། ལས་ཀར་ཞུགས་ཚུན་ཁོང་གིས་སྔ་རྗེས་སུ་སློབ་ཆུང་དགེ་རྒན་དང་། སློབ་སྟོན་ཀྲུའུ་རེན། སློབ་ཆུང་གི་སློབ་གཙོ། སློབ་འབྲིང་གི་སློབ་གཙོ་སོགས་ཀྱི་ཕྱག་ལས་གནང་། ལོ་17རིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་ས་ཁུལ་དུ་ལས་གནས་བརྟན་སྲུང་གནང་ཡོད། 
    དགེ་རྒན་ཅན་ཧོང་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། སློབ་གསོའི་དམ་བཅའ་ལག་ལེན་བསྟར་རྒྱུ་ནི་ལས་རིགས་ཀྱི་སྤྱོད་ལམ་ཡག་ཤོས་ཡིན་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་འགན་འཁྲི་ཆེ་ཤོས་ཡིན་པའི་འབོད་སྐུལ་དང་ལེན་གྱིས། བྱང་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བས་སློབ་མའི་དགའ་གུས་དང་། ཁྱིམ་བདག་གི་བསྟོད་བསྔགས། ལས་རིགས་གཅིག་པའི་གདེང་འཇོག་བཟང་པོ་བཅས་ཐོབ་ཡོད། ཁོང་གིས་འབད་བརྩོན་བྱས་པ་བརྒྱུད། ཁོང་གནས་སའི་སློབ་གྲྭའི་སློབ་ཁྲིད་འཛིན་གྲྭའི་ཁ་གྲངས་14དང་སློབ་མ་560ལྷག་ཙམ་ནས་སློབ་ཁྲིད་འཛིན་གྲྭ་27དང་སློབ་མ་1000ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཁོང་ལ་དེ་སྔ་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་བྱ་བ་སྒྲུབ་མཁན་སོགས་ཀྱི་མཚན་སྙན་ཐོབ་མྱོང་། 
 
   དབུལ་ཕོངས་དང་རྗེས་ལུས་ཀྱི་ས་ཁུལ་དུ་འཚར་ལོངས་བྱུང་བའི་ཅན་ཧུང་སློབ་ཆེན་མཐར་ཕྱིན་རྗེས། བློ་ཐག་ཆོད་པོས་ཕ་ཡུལ་སྡེ་དགེ་རུ་བཞུགས་ནས་ཕྱག་ལས་གནང་བ་རེད། 2004ལོར་ཕྱག་ལས་གནང་འགོ་ཚུགས་པ་ནས་བཟུང་། ལོ་17རིང་སློབ་གསོའི་ལས་གནས་ཐོག་གཞི་ཚུགས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དཀའ་ཚེགས་ཆེ་བའི་འཐབ་ཕྱོགས་དང་པོར་དགེ་རྒན་གནང་ཞིང་། སྔ་རྗེས་སུ་སྡེ་དགེ་རྫོང་གི་དབོན་པོ་སྟོད་སློབ་ཆུང་དང་། འཁོར་ལོ་མདོ་སློབ་ཆུང་དུ་སློབ་ཁྲིད་གནང་བ་དང་། སྡེ་དགེ་རྫོང་གི་མ་ཎི་གད་འགོ་གྲོང་རྡལ་གྱི་འགོ་འཛིན་གཞོན་པ་དང་ལོ་དགུའི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་གཙོ་གཅིག་ལྕོགས་ཀྱི་འགན་བཞེས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ་དང་། དཀར་མཛེས་ཁུལ་གྱི་གསུམ་བརྒྱད་དར་དམར་བ། སི་ཁྲོན་ཞིང་ཆེན་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་དགེ་རྒན་གྱི་ལེགས་སྐྱེས་བྱ་དགའ་སོགས་གཟི་བརྗིད་མཚན་སྙན་དང་བྱ་དགའ་ཐོབ་མྱོང་ཡོད།
 
   ས་གནས་དེ་གའི་མང་ཚོགས་ཀྱི་མིག་ནང་། ཅན་ཧུང་ནི་བྱིས་པའི་མ་འོངས་པའི་རེ་བ་ཡིན། ལས་རོགས་ཚོའི་མིག་ནང་། ཅན་ཧུང་ནི་འབར་མི་ཚར་བའི་ཡང་ལཱ་ཞིག་རེད། འོན་ཀྱང་ཁོང་རང་ཉིད་ཀྱིས་ཁོང་གིས་བྱས་པའི་བྱ་བ་ནི་ཏང་ཡོན་དཀྱུས་མ་ཞིག་གིས་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1