ཀྲུང་པར་རྒྱལ་ཁབ་གཉིས་པོའི་དྲ་ཐོག་བགྲོ་གླེང་ཚོགས་འདུས་ཀྲུང་ལུགས་གསོ་རིག་གི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱས་པ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-22
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ལི་གཡོད་རེ་ནེ་ལུའུ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཀྲུང་པར་གྱི་སྒྲིག་གཞི་མང་པོ་ཞིག་དང་མཉམ་དུ་གཙོ་གཉེར་བྱས་པའི“རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཀྱི་རིམ་སྤེལ་བགྲོ་གླེང་ཚོགས་འདུའི”འགོ་ཚུགས་མཛད་སྒོ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་སྐུ་མགྲོན་ཚོས་དྲ་ཐོག་ནས་གྲོས་བསྡུར་བྱས་པ་བརྒྱུད་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཐབ་ས་དང་པོའི་སྐྱོབ་བཅོས་ཉམས་མྱོང་སྤེལ་རེས་བྱས་པ་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་ཐད་ཀྲུང་ལུགས་གསོ་རིག་སྤྱོད་རྒྱུར་ཤུགས་སྣོན་རྒྱག་པའི་ཐབས་ལམ་འཚོལ་ཞིབ་ཀྱང་བྱས་པ་རེད།
པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱང་དབན་མིང་གིས་ད་ཐེངས་ཀྱི་རིམས་ནད་ནང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ཚེ་སྲོག་རིན་དོད་དུ་བྱས་ནས་ང་ཚོར་རྒྱལ་ཁབ་ཁག་དབར་མཐུན་སྒྲིལ་དམ་ཟབ་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་བཏོད་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས་པའི་བློ་སྒོ་ཕྱེ་ཡོད། ཀྲུང་གོས་པར་ཙིར་མི་དམངས་ལ་འཕྲད་པའི་རིམས་ནད་ཀྱི་འགྲན་སློང་ལ་གདུང་སེམས་མཉམ་སྐྱེས་བྱེད་ལ། པར་ཙིར་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་རོགས་སྐྱོར་བྱ་རྒྱུ་ཡིན། རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་ལ་རྡབ་རྡེག་ཆེན་པོ་བཟོས་པར་ཀྲུང་པར་གྱིས་ཕྱར་བ་གྲུ་འདེགས་དང་མཉམ་དུ་ཁ་གཏད་གཅོག་དགོས། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁེ་ལས། དམངས་ཁྲོད་རྩ་འཛུགས་བཅས་ཀྱིས་སྤེལ་རེས་དམ་ཟབ་བྱས་ནས་རིམས་ནད་རྗེས་ཀྱི་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་འཆར་འགོད་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། མ་འཇོག ཚན་རྩལ་གསར་གཏོད། རིག་གནས་སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གསོན་ཤུགས་དེ་བས་མང་བ་སྦྱིན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།