བོད་ལྗོངས་ཀྱིས་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་འཕུར་སྐྱོད་ཀྱི་ལས་དོན་ཐོག་མ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-12


འདི་ནི་ལས་དོན་མི་སྣས་ས་བོན་བསྲེས་པའི་རྣམ་པ་རེད།
          ཟླ་6པའི་ཚེས་9ཉིན། ལྷ་སའི་ལུང་གཞུང་དུ་སོན་འདེབས་འཕྲུལ་ཆས་བཞག་པའི་ཐད་འཕུར་གནམ་གྲུ་གཉིས་ལྷ་ས་གྲོང་ཁྱེར་དོག་སྡེ་ལུང་ཤུར་དུ་འཕུར་ཏེ། དུས་ཡུན་ཉིན་12རིང་གི་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

འདི་ནི་ཐད་འཕུར་གནམ་གྲུས་སོན་འདེབས་འཕྲུལ་ཆས་འཇོག་པར་སྒུག་པའི་རྣམ་པ་རེད།
          ད་ཐེངས་ཀྱི་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་ལས་དོན་དེ་བོད་རང་སྐྱོང་ལྗོངས་སུ་སྤེལ་ཐེངས་དང་པོ་ཡིན་ཞིང་། འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ལས་འགན་དང་འཕུར་སྐྱོད་དང་འཚམ་པའི་ཆ་རྐྱེན་ལ་གཞིགས་ན། ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་ཀུང་སིའི་མཁའ་ཐོག་དོ་དམ་སྡེ་ཁག་གིས་འཕུར་སྐྱོད་ཀྱི་དུས་ཚོད་དང་ལམ་ཐིག་གཏན་འཁེལ་བྱ་རྒྱུའི་གྲོས་མོལ་བྱས་ཏེ། ཟླ་6པའི་ཚེས་16ཉིན་གྱི་སྔོན་ལ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སྟག་རྩེ་ཆུས། སྟོད་ལུང་བདེ་ཆེན་ཆུས་བཅས་སུ་ཁྱོན་བསྡོམས་མུའུ་ཁྲི་17.6གི་འདེབས་འཛུགས་ལས་འགན་ལེགས་སྒྲུབ་བྱེད་རྩིས་ཡོད་པ་དང་། ཟླ་6པའི་ཚེས་20ཉིན་གྱི་སྔོན་དུ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དང་། གྲ་ནང་རྫོང་གི་ཁྱོན་བསྡོམས་མུའུ་ཁྲི་4.2ཀྱི་སོན་འདེབས་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད།

འདི་ནི་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་འཕུར་སྐྱོད་ཀྱི་ལས་ཀ་སྒྲུབ་བཞིན་པའི་རྣམ་པ་རེད།
          བོད་ལྗོངས་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས་སྣོད་བཅུད་ཀྱི་གནས་བབ་ཧ་ཅང་འགངས་ཆེན་ཡིན་པས་དེས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་གཏོང་བའི་གལ་ཆེའི་འགན་འཁྲི་འཁུར་གྱི་ཡོད། བོད་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཡག་པོ་ཡོང་ཆེད་ངེས་པར་དུ་སྣོད་བཅུད་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན་བྱེད་དགོས། བོད་ལྗོངས་སུ་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བའི་རྐྱེན་གྱིས་དེའི་སྣོད་བཅུད་ཀྱི་ཁོར་ཡུག་ཧ་ཅང་དམིགས་བསལ་ཡིན་ཞིང་། ཐེངས་འདིའི་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཐད་ཧ་ཅང་འཚམ་པའི་གླ་ཚེར་དང་། དྲི་ངན་ཁྲུན་མ། མཛོ་མོ་སོགས་ཀྱི་ཤིང་སྣ་(རྩྭ་)ཏུན་119.3ཙམ་བདམས་ཡོད་པ་རེད།

འདི་ནི་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཚོད་ལྟའི་འཕུར་སྐྱོད་ཀྱི་ལས་ཀ་སྤེལ་བཞིན་པའི་རྣམ་པ་རེད།
          འཕུར་འདེབས་ཤིང་འཛུགས་ནགས་བཟོའི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱ་ཆེད། ཧྲན་ཞི་ཞིང་ཆེན་ནགས་ལས་ཅུས་འཕུར་འདེབས་ས་ཚིགས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་ལ་མཛུབ་ཁྲིད་བྱེད་པའི་འགན་འཁུར་བར་མ་ཟད། ད་ལོའི་ཟླ་4པའི་ཟླ་དཀྱིལ་དུ་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཆེད་མཁས་པ་ལྔ་ལྷ་ས་སོགས་ཀྱི་ས་ཁུལ་དུ་བདམས་མངགས་བྱས་ནས་འཆར་གཞིའི་འཕུར་འདེབས་ས་ཁུལ་གྱི་གནམ་གཤིས་དང་། སྔོ་ཁེབས། ས་རྒྱུ། ནགས་བཟོའི་ཤིང་རིགས། འཕུར་སྐྱོད་ཀྱི་ཆ་རྐྱེན་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཆེད་མཁས་པ་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར་དུ་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་འཆར་གཞི་ལག་བསྟར་བྱེད་ཆོག་པར་ངོས་འཛིན་གཅིག་མཐུན་བྱུང་།
          འཕུར་འདེབས་ཤིང་འཛུགས་ནགས་བཟོ་བྱེད་པར་མྱུར་ཚད་མགྱོགས་པ་དང་། ས་ཁོངས་རྒྱ་ཆེ་བ། ལས་བཟོ་པ་དང་ནུས་ཤུགས་ལ་གྲོན་ཆུང་ཐུབ་པ་བཅས་ཀྱི་ལེགས་ཆ་ལྡན་པས། བོད་ལྗོངས་སུ་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ལས་དོན་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། སྲོལ་རྒྱུན་གྱི་མིས་བཟོས་ཤིང་འཛུགས་ནགས་བཟོའི་ལས་ཕྱོད་ཅུང་དམའ་བའི་རྐྱེན་གྱིས་འཕུར་འདེབས་ཤིང་འཛུགས་ནགས་བཟོའི་ཐབས་ལམ་སྤྱད་ཚེ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁོངས་ལྗང་སྒྱུར་གྱི་གོམ་སྟབས་མགྱོགས་སུ་ཆེན་པོར་ཕྱིན་ནས་མཉམ་འདྲེས་རྣམ་པའི་སྣོད་བཅུད་ཀྱི་མ་ལག་སྔར་བས་ཆགས་པ་བྱ་རྒྱུ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1