ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་སྨད་ཀྱི་འཇང་ལོག་བྱུང་ཚུལ་གླེང་བ།

ཤེལ་དཀར་ཚེ་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05


བཙན་པོའི་རྒྱལ་རབས་སྐབས། འཇང་དང་བོད་ཐང་བར་གྱི་འབྲེལ་བའི་འགྱུར་བ་ནི། སྐབས་དེའི་སྟོབས་ལྡན་རྒྱལ་ཁབ་གཉིས་ཏེ་བོད་ཐང་གཉིས་ཀྱིས་མཐའ་མཚམས་ཀྱི་ཁེ་དབང་འཕྲོག་རྩོད་དང་སྟོབས་ཤུགས་འགྲན་རྩོད་བྱེད་ཅིང་ཡོད། ང་ཚོས་བོད་རྒྱའི་ཡིག་ཆ་མང་པོ་ལས་མཐོང་ཐུབ་པ་ནི། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནས་བཟུང་། བོད་དང་ཐང་རྩོད། ལི་ཡུལ་རྩོད། གྲུ་གུ་རྩོད། འ་ཞ་རྩོད། ཏང་ཞང་རྩོད། ད་ཡང་འཇང་རྩོད་པའི་སྐབས་ལ་ཁེལ།

ཁྲི་སྲོང་ལྡེའུ་བཙན་སྐབས་ནི་བཙན་པོའི་རྒྱལ་རབས་སུ་སྟོབས་ཤུགས་ཕྱོགས་གང་ཐད་ནས་རྩེར་སོན་པའི་དུས་ཡིན། བཙན་པོ་རིམ་བྱུང་གི་ལོ་རྒྱུས་ལས། བཙན་པོ་འདིའི་རིང་ལ། ཆོས་བཟང་སྲིད་ཆེ། རྒྱལ་པོ་ནི་འགྲེང་དུད་གཉིས་ཀྱི་རྗེ་དང་བདག་མཛད་པའི་གཙུག་ལག་ཆེན་པོ། མྱིའི་དཔེར་རུང་། ཁོང་གི་སྐབས་བལ་བོ་དང་ལི་ཡུལ། འ་ཞ་དག་མངའ་ཁོངས་སུ་ཡོད། ཡབ་ཀྱི་སྐུ་ཚེ་སྨད་ཀྱི་ཕྱག་རྗེས་གཙོ་བོ་དང་མཐུད་འཇང་དང་བསྡེབས་ནས་ཐང་ལ་དམག་ཐེངས་མང་པོ་དྲངས། ལྷག་པར་དུ་ཐང་གི་ནང་འཁྲུག་དང་བསྟུན་ནས་763ལོར་ཐང་གི་རྒྱལ་ས་ཁྲང་ཨན་མཁར་བཟུང་ནས་རྒྱའི་ནང་སྲིད་ལ་ཐེ་གཏོགས་བྱས་པའི་སྐོར་བོད་ཀྱི་ཡིག་ཆར་གསལ། དེ་མིན་དམག་འཁྲུག་མང་པོ་བོད་གྱི་ཡིག་ཆ་རུ་ཞིབ་པར་བཀོད་མེད་ཀྱང་། རྒྱའི་ཐང་ཡིག་གསར་རྙིང་དང་སྲིད་སྐྱོང་མེ་ལོང་དུ་ཞིབ་པར་བཀོད་ཡོད།

སྐབས་དེར། མཐའི་རྒྱལ་ཁབ་རྒྱ་གར་དང་ཏ་ཟིག །ཡུ་གུར། འཇང་བཅས་ཀྱི་སྟོབས་ཤུགས་མཉམ་ལ། ཐང་ནི་བོད་དང་འདྲ་བར་སྟོབས་ཆེ་བ་ཡིན། བཙན་པོ་སྔ་མ་དག་གིས་རྒྱལ་ཁབ་དེ་ཚོར་རྒྱུན་པར་དམག་བརྒྱབས་པས་དེ་ཀུན་བོད་ལ་སྡང་། 787ལོར། ཐང་གིས་བོད་ལ་རྒོལ་བའི་འཐབ་ཇུས་འཐེན་སྐབས། ལི་པིས་གོང་མར། བྱང་དུ་ཡུ་གུར་དང་། ལྷོ་རུ་ཡུན་ནན། ནུབ་ཏུ་ཏ་ཟིག་དང་རྒྱ་གར་ལ་མཐུན་ལམ་བཙུགས་ཚེ། བོད་རང་བཞིན་གྱིས་གཅུན་ཐུབ། ཚང་མས་རྒྱ་ལ་སྨོན་ཞིང་མི་རབས་རྒྱུད་དུ་བོད་ཀྱི་སྡང་དགྲར་གྱུར་པ་ཞུས།

གཉིས་པ། འཇང་ལོག་བྱུང་བའི་རྒྱུ་རྐྱེན་དང་བརྒྱུད་རིམ།

འདིར་བརྗོད་པའི་འཇང་ལོག་གི་གཞི་འཛིན་ས་གཙོ་བོ་ནི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་སུ། འུང་གི་འོག་ཏུ་མྱ་དཀར་པོ་འབངས་སུ་མངའ་བ་ལས། གློ་བ་ངས་པ་འི་ཚེ། དམག་ཕོན་འབྲོ་རམ་ཤགས། བཀའ་སྩལ་ནས། བྲག་རྩེར་རྣོལ་ཐབས་བཀྱེ་བའི་ཚེ། འཇང་མང་པོ་བཀུམ་ནས། སྤྱན་ཆེན་པོ་ཉིང་རིམ་དང་། སྣ་ལ་ཐོགས་པ་དང་། དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གས་བཟུང་ནས། འཇང་རྗེ་གོལ་གྱིས་ཕྱག་འཚལ་ཏེ། འབངས་རྣལ་མར་བཀུག་ནས། དཔྱ་ཕབ་སྟེ་སྔ་མཁོ་བཞིན་དུ་བཀོས་དོ། །འདིར་ཡུལ་དང་དམག་དཔོན་རགས་རིམ་ཙམ་ལས་གནས་ཚུལ་གཞན་ལ་ཞིབ་ཆ་མེད་ཀྱང་། ཐང་ཡིག་གསར་རྙིང་དང་སྲིད་སྐྱོང་མེ་ལོང་སུ། 794ལོར་འཇང་གིས་ཐང་ལ་མགོ་བཏགས་ཏེ་ཐོག་དང་པོར་བོད་དམག་ལ་འཇབ་རྒོལ་བྱས་པ་ནས་རྗེས་ཕྱོགས་སུ་བོད་ཐང་གཉིས་མཇལ་འདུམ་བྱས་པ་དང་། ཐང་འཇང་བར་འཁྲུག་པ་བྱུང་བའི་བར་དུ། ཐང་འཇང་གཉིས་ཀྱིས་དཔུང་སྡེབ་ནས་བོད་དང་འཁྲུག་པ་མང་པོ་བརྒྱབ་པའི་ལོ་རྒྱུས་ཡོད། བོད་འཇང་གཉིས་བར་གྱི་འབྲེལ་བ་ནི་794ལོར་གློ་བུར་དུ་འགྱུར་བ་ཞིག་མིན། ལོ་རྒྱུས་ཡིག་ཆ་དང་ཡང་ན་རིགས་པས་དཔགས་ན། ཐོག་མར་འབྲེལ་བ་བཙུགས་པ་དང་། དེ་ནས་འབྲེལ་བ་ཟབ་ཏུ་གྱུར་པ། དེ་ནས་འབྲེལ་བར་གས་ཆག་ཤོར་པ་དང་འབྲེལ་བ་ཆད་པ། མཐར་སོ་སོའི་ཁ་གཏད་དུ་ལངས་པ་སོགས་རིམ་པ་འགའ་བརྒྱུད་ཡོད། བོད་འཇང་གཉིས་ཀྱི་ཐོག་མའི་འབྲེལ་བ་ནི། སྲིད་སྐྱོང་མེ་ལོང་དུ། 751ལོར་ཞན་ཡུས་ཀྲུང་ཐུང་གིས་མྱ་ལ་དམག་དྲངས། བོད་དམག་གིས་དཔུང་རོགས་གནང་བ་དེ་ནས་བཙུགས། འབྲེལ་ལམ་འདི་ནི་འཇང་གིས་སྲིད་དབང་གི་ཆེད་དུ་མི་འཛུགས་རང་འཛུགས་ཡིན་ལ། འབྲེལ་བ་འདིའི་ཁྲོད་དུ་འཇང་ནི་བོད་ཀྱི་འབངས་སུ་གནས། བཙན་པོས་འཇང་རྗེ་ལ་བོང་ལ་ཐབས་གཅུང་སྩལ། དེ་ནས་779ལོའི་བར་བོད་འཇང་གཉིས་ཀྱིས་ཐང་ལ་དམག་དྲངས་པ་དང་། འཇང་གིས་ཀྱང་རང་ས་ནས་སྟོབས་ཤུགས་རྒྱ་སྐྱེད་གཏོང་བཞིན་ཡོད།

བོད་འཇང་གཉིས་ཁ་གཏད་དུ་ལངས་པའི་རྒྱུ་རྐྱེན་ལ། གཅིག བོད་ཀྱིས་གཅིག་ནས་འཇང་དང་འབྲེལ་ནས་ཐང་ལ་དམག་དྲངས། ཕྱོགས་གཞན་ནས། འཇང་ནས་དཔྱ་ཁྲལ་ལྕི་མོ་བསྡུས། འཇང་གི་ས་ཆ་འགག་ཆེན་དུ་དམག་སྡེ་བཞག །དམག་འཁྲུག་ཁྲོད་འཇང་དམག་གིས་གདོང་ལེན་དམག་དཔུང་བྱེད་དུ་བཅུག །ཡང་ན་འཇང་ནས་རོགས་དམག་འབོར་ཆེན་བསྡུ་བ་སོགས་བྱས། བོད་ཀྱིས་འཇང་གི་བློན་ཆེན་གྱི་བུ་མང་པོ་མི་གཏར་ཉར། གཉིས། འཇང་གི་ངོས་ནས། བོད་འཇང་བར་གྱི་འབྲེལ་བ་ནི་སོ་སོའི་དམག་དོན་གྱི་དགོས་མཁོ་ཙམ་ཆགས་ཡོད། ལ་བོང་གིས་ཐང་རྒྱབ་ཏུ་བསྐྱུར་པ་རང་བློ་དང་འགལ་ཚུལ་766ལོ་ཐའེ་ཧི་མཁར་དུ་བརྩིགས་པའི་རྡོ་རིང་ཞིག་ཏུ་བྲིས་ཡོད་པར་བཤད། 779ལོར། ལ་བོང་འདས། ཚ་བོ་དབྱི་མུའུ་ཞུན་ཁྲིར་བཀོད། ལོ་དེའི་ཟླ་བཅུ་པར། བོད་འཇང་གཉིས་ཞི་ཁྲོན་ཁུལ་ལ་དམག་དྲངས་པར་ཕམ་ཁ་ཉོས། བཙན་པོ་ཁྲོས་ནས་དབྱི་མུའུ་ཞུན་ཉི་མ་ཤར་ཕྱོགས་ཀྱི་རྒྱལ་པོར་ཕབ། ལ་བོང་གིས་རྒྱའི་སློབ་གསོར་མཐོང་ཆེན་བྱས་པས་དབྱི་མུའུ་ཞུན་གྱིས་ཆུང་དུས་ནས་རྒྱའི་སློབ་གསོ་མྱངས། ད་དུང་སྐབས་དེའི་ཙའེ་ཞང་བློན་ཆེན་ཀྲེང་ཧའེ་ཡིས་དབྱི་མུའུ་ཞུན་ལ་བསྐྱར་དུ་ཐང་ལ་མགོ་འདོགས་པར་བསྐུལ། གསུམ། ཐང་གི་ངོས་ནས། ཡིག་ཆ་ལས་གསལ་བ་ལྟར། 788ལོའི་ཟླ་དགུ་པར། ཞི་ཁྲོན་གྱི་ཅེ་ཏུའུ་ཧྲི་ཝེ་ཀའོ་ཡིས་ཡུན་ནན་གྱི་རྒྱལ་པོར་འཕྲིན་ཡིག་ཅིག་བསྐུར་ཁུལ་བྱས་ནས་བོད་ཡུན་ནན་ལ་དོགས་པ་སྐྱེས་མགོ་ཚུགས། དེ་ནས་789ལོ་དང་791ལོ་བཅས་ལ་ཝེ་ཀའོ་ཡིས་དབྱི་མུའུ་ཞུན་ལ་འཕྲིན་ཐེངས་མང་བཏང་། དེ་ལྟར་བོད་དང་ཡུན་ནན་བར་གྱི་བློ་དོགས་ཉིན་ལྟར་ཆེ་རུ་སོང་། 793ལོར། དབྱི་མུའུ་ཞུན་གྱིས་ཕོ་ཉ་ཁག་གསུམ་མངགས། ཐོག་མར་ཝེ་ཀའོ་དང་མཇལ། དེ་ནས་ཝེ་ཀའོ་ཡིས་དབྱི་མུའུ་ཞུན་གྱི་བོད་རྒྱབ་ཏུ་འདོར་བ་དང་ཐང་ལ་སྐྱབས་འཆོལ་རྒྱུའི་ཞུ་ཡིག་གོང་མར་ཕུལ། ཟླ་བཅུ་པར། ཝེ་ཀའོ་ཡིས་གོང་མའི་བཀའ་ཡིག་ཡུན་ནན་དུ་བཏང་། 794ལོར། ཧྲེན་ཁྲོན་དུ་འཇང་གིས་བོད་ལ་རྒོལ་བ་དང་། ཐང་ལ་བང་ཆེན་བཏང་ནས་རྒྱལ་ཁ་ཐོབ་ཚུལ་ཞུས། ཟླ་དྲུག་པར། དབྱི་མུའུ་ཞུན་གྱིས་ནུ་བོ་ཚོའུ་ལོ་ལེན་མངགས་ནས་ས་ཁྲ་དང་། ཡུལ་ཟོག །བོད་ཀྱིས་བྱིན་པའི་གསེར་ཐམ་བཅས་ཐང་ལ་ཕུལ། གོང་མས་ཀྲེན་ཡོན་ཁྲི་ལོ་བཅུ་བར་ནན་ཀྲའོ་ལ་ཆོ་ལོ་བསྩལ་བའི་ཐམ་ག་ཞེས་པའི་ཐམ་ག་གནང་། དེ་ནས་བཟུང་འཇང་ནི་ཐང་གིས་བསྩལ་བའི་ནན་ཀྲའོ་ཡིན་པ་མཚོན།

794ལོའི་ཟླ་དང་པོར། ཅན་ནན་དང་། ཞི་ཧྲན་གྱི་ཆཱང་དང་མྱའི་དུད་ཁྱིམ་ཉིས་ཁྲི་ལྷག་ཐང་ལ་མགོ་བཏགས། དེ་སྔོན་བོད་ཀྱིས་ཡུན་ནན་ནས་རོགས་དམག་ཁྲི་གཅིག་འདྲེན་རྩིས་བྱས་པ་དབྱི་མུའུ་ཞུན་གྱིས་རྒྱལ་ཁབ་ཆུང་བར་ཁ་གཡར་ནས་དམག་མི་སྟོང་ལྔ་ལས་མ་བཏང་། དེ་ནས་རང་གིས་དམག་མི་ཁྲི་འགའ་ཁྲིད་དེ་ཧྲིན་ཁྲོན་དུ་བོད་དམག་ལ་འཇབ་རྒོལ་བྱས་ནས་ཕམ་ཁ་ཆེན་པོ་བསྐུར། ལྕགས་ཟམ་མཁར་སོགས་མཁར་བཅུ་དྲུག་འཕྲོག །དེ་དག་གི་རྗེ་བོ་ལྔ་བཟུང་དམག་མི་འབུམ་གཅིག་ལྷག་མགོ་བཏགས། དབྱི་མུའུ་ཞུན་གྱིས་ཐང་ལ་བང་ཆེན་བཏང་ནས་རྒྱལ་ཁ་ཐོབ་ཚུལ་ཞུས། 795ལོར། ནན་ཀྲའོ་ཡིས་བོད་ཀྱི་ཁུན་མིང་མཁར་ལ་དམག་དཔུང་དྲངས་ནས་ཕབ་ཅིང་། ཧྲི་དང་ཧྲུན་ཞེས་པའི་མྱའི་རྗེ་བོ་གཉིས་འཇུས། དེ་ནས་བོད་ཐང་གཉིས་མཐུན་རག་བར་དུ་འཇང་ཐང་གཉིས་འབྲེལ་ནས་བོད་ལ་དམག་དྲངས།

གསུམ་པ། མཇུག་སྡོམ།

ཁྲི་སྲོང་ལྡེ་བཙན་སྐུ་ཚེ་སྨད་ཀྱི་འཇང་ལོག་བྱུང་བའི་རྒྱུ་རྐྱེན་ནི་གོང་དུ་བཤད་ཟིན་པ་ལས་མ་འདས་པར། དེ་ལ་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་འདུས་ཡོད། བཙན་པོའི་རྒྱལ་རབས་ཧྲིལ་པོའི་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། དུས་རབས་བརྒྱད་པའི་མཇུག་གི་བཙན་པོའི་རྒྱལ་རབས་ནི་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་ཡོད་ཟེར་ཀྱང་ཆོག །སྐབས་འདིར་ཕྱིས་སུ་བཙན་པོའི་རྒྱལ་རབས་ཉམས་པའི་ཆེས་ཐད་ཀའི་འགལ་བ་དེ་བསླངས་པ་མ་ཟད། ལོ་ངོ་ཉིས་བརྒྱ་ལྷག་གི་བྱང་འདུལ་ནུབ་རྒོལ་གྱི་རྐྱེན་པས། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཕྱི་ནང་གཉིས་ཞན་གྱི་གནས་སུ་གྱར་ཡོད། ལོ་འདི་དག་རིང་མཐའ་འཁོར་གྱི་རྒྱལ་ཁབ་ཚང་མར་དམག་དྲངས་མྱོང་བས། ནང་ཞི་འཇགས་མིན་ལ། ཕྱི་ནས་དགྲས་ཡོངས་སུ་བསྐོར་བའི་གནས་བབས་ལ་ཐུག་པས། འཇང་གིས་བོད་རྒྱབ་ཏུ་དོར་ནས་ཐང་པང་དུ་ལེན་སྲིད་པ་ཞིག་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1