དབྱིབས་གཟུགས་ངེས་མེད་ཚོན་མདངས་དུ་མར་སྣང་།།
ཁུར་ན་སྟབས་བདེ་ལྗིད་པོ་གང་ཡང་མེད།།
ཤར་ནུབ་ཡུལ་གྲུར་སྐད་ཅིག་འབྲེལ་མཐུད་ཅན།།
དྲ་བའི་ཐག་སྣེ་འཛིན་དེ་གང་ཡིན་ནམ།།
2
ཆུ་གཏེར་རླབས་ཕྲེང་བརྩི་བའི་ངལ་རྩོལ་ཅན།།
ཆུ་སྲིན་སོ་རྒོད་ངར་ཡང་འབིགས་ཐབས་བྲལ།།
ཆུ་ཡིས་བཏེགས་པའི་ཁང་བཟང་ཡིད་འོང་ན།།
སྣེ་མང་འདོད་རྒུ་འཁྱིལ་དེ་གང་ཡིན་ནམ།།
3
གསེར་བུམ་ངན་སྐྱུག་གིས་ཁེངས་འོད་ཟེར་ཅན།།
ནང་དུ་མ་བརྟགས་གསེར་ལ་ཞེན་པའི་དབང་།།
དེ་ཉིད་སྤྱི་བོར་བཏེགས་ནས་འདི་ཕྱི་ཡི།།
བྱིན་རླབས་དངོས་གྲུབ་ཞུ་མཁན་སུ་ཡིན་ནམ།།
4
རྒུད་སྐྱོབས་རྨོངས་སེལ་ཁ་གཡང་ནོར་བུ་མཆོག།
གཞན་ལ་འཚོང་བཞིན་དེ་རིན་དམར་པོ་དེ།།
སྤྱི་མིང་བཏགས་པའི་སྒེར་གྱི་དངུལ་འཛིན་ནང་།།
རྒྱ་རྒྱ་རྒྱ་ཡིས་འདེབས་མཁས་མི་བུ་སུ།།
5
ཐང་དཀར་རྒོད་པོས་ཁྱོད་ལ་མིག་ལོག་བལྟ།།
ཁྲུང་ཁྲུང་དཀར་མོས་རྗེས་བསྙེགས་ག་ནས་ཆོད།།
ཏ་ལའི་རྐང་པ་བརྒྱ་ཕྲག་རུམ་བཅུག་ནས།།
རླབས་ཆེན་འགྲུལ་སྐྱེལ་བྱེད་མཁན་སུ་ཡིན་ནམ།།
6
མ་བཅོས་དྲིན་ཆེན་མ་ཡིས་སྦྱིན་པའི་གཟུགས།།
བཅོས་མའི་ཚོན་རྩིས་འདྲ་མིན་བཅོ་བརྒྱད་བཟོས།།
ཚོགས་མང་འདུས་མདོར་ངན་སྐྱུག་དོར་གནས་བཟུང་།།
ཀུན་དགའ་དོན་གྲུབ་སྨད་ནས་བསགས་མཁན་སུ།།
7
སྣ་མང་མིང་གིས་མགོ་བོ་རྨོངས་སུ་བཅུག།
གཞན་པར་བརྐུས་ནས་ངོ་གདོང་བརྫུ་ལ་མཁས།།
ལེགས་ཆ་མེད་ཅིང་ཁོག་རུལ་དྲི་ངན་ཅན།།
ཝ་མོས་སེང་ལྤགས་གྱོན་མཁན་སུ་ཡིན་ནམ།།
8
དུག་སྦྲུལ་ནག་པོ་འཁྱུགས་ལས་བྲང་རྩལ་ཆེ།།
ས་འཛིན་ཐད་དཀར་འབིགས་པའི་ལྕགས་ཁབ་འདྲ།།
ཉིན་མཚན་སྦྲེལ་ནས་ཕྱིན་ཀྱང་ངལ་བ་བྲལ།།
ལྕགས་ལྷམ་ནག་པོ་གྱོན་མཁན་སུ་ཡིན་ནམ།།
9
བཅོས་མའི་མཛེས་འཛུམ་ཟུར་མིག་གཡོ་བའི་འོག།
བཅོས་མིན་སྒོ་གསུམ་དབང་མེད་ཤོར་བའི་ཚེ།།
དཀའ་བརྒྱའི་འབྲས་བུ་ཀུན་དགའ་ཤོར་དང་ལྡན།།
ཨེ་མིང་ནད་ངན་ཉོ་བའི་མཛད་སྤྱོད་སུ།།