ཀྲུང་གོའི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་གཡོད་ཧན་ནེ་སི་པའོ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་14ཉིན་ཀྲུང་གོས་ལྷོ་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི་སྨན་བཅོས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་གཡོད་ཧན་ནེ་སི་པའོ་ཡི་ཨའོ་ཐན་པོ་རྒྱལ་སྤྱིའི་གནམ་ཐང་དུ་འཚོགས་ཤིང་། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གི་དཔོན་རིགས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ལྷོ་ཨ་ཧྥེ་རི་ཁར་རིམས་འགོག་གི་འགག་རྩའི་དུས་སུ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་སྐྱོབ་བྱས་པར་ཚད་མཐོའི་བསྔགས་བརྗོད་དང་སེམས་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ལྷོ་ཨ་ཧྥེ་རི་ཁའི་རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཀྲང་ན་ལའེ་ཏི·ཧེན་ཏོའར་གྱིས་མཛད་སྒོའི་ཐོག་2014ལོར་ཨ་ཧྥེ་རི་ཁར་ཨེ་པོ་ལ་རིམས་ནད་ཐོན་རྗེས་ཀྲུང་གོས་སྔོན་ལ་རོགས་སྐྱོར་བྱས་པ་དེ་ཐོག་ནས་ལྷག་བསམ་ཟོལ་མེད་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཆེ་མོའི་འགན་འཁྲི་ཁུར་སེམས་དངོས་འབྲེལ་མཚོན་ཡོད། ད་ཆ་ཀྲུང་གོས་སྔར་རྒྱུན་བཞིན་ལྷོ་ཨ་ཧྥེ་རི་ཁ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་ཐད་རོགས་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་སྲིད་གཞུང་དང་། ཁེ་ལས། ཕྱིར་སྡོད་རང་མི་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱས་པ་དང་ཀྲུང་གོས་ད་དུང་ཚན་རྩལ་མཉམ་ལས་སོགས་བརྒྱུད་ཨ་ཧྥེ་རི་ཁར་རྒྱབ་སྐྱོར་བྱས་པར་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་བརྗོད་པ་རེད།