མགར་ཐར་བཀྲ་ཤིས་ཆོས་ལྡན།
གཅིག
ང་ནི་རྟའུ་རྫོང་ཁོངས་ཀྱི་མི་སེར་དཀྱུས་མ་ཞིག་ཡིན་པས་ཐེངས་འདིའི་གནོད་ཐེབས་ས་ཁུལ་གྱི་འབངས་མི་ཕལ་བ་ཞིག་ཡིན་པའང་སྨོས་མེད་རེད། དེར་བརྟེན། དེ་རིང་ངས་གནོད་ཐེབས་ས་ཁུལ་གྱི་མི་སེར་མང་པོ་ཞིག་གི་སེམས་ཀྱི་རེ་འདུན་ཁྱོད་ཚོར་ཞུ་འདོད། དེ་རིང་ངས་རྟའུ་ཡུལ་གྱི་ནད་པ་མང་པོའི་མྱོང་བའི་ཟུག་ཚོར་ཁྱོད་ཚོར་སྟོན་འདོད། དཀོན་མཆོག་མཁྱེན། རྟའུ་ནས་བཟའ་མི་ལྷན་འཛོམས་བྱུང་ཞིང་ལོ་གསར་གྱི་དགའ་སྟོན་ལ་རོལ་བའི་སྐབས་དེར། ག་དུས་ཕོག་པར་མི་གོ་བའི་རིམས་ནད་འདིས་མི་སེམས་དུམ་བུར་གཏུབས་སོང་། རྟའུ་ནས་ཡུལ་མི་ལྷན་འཛོམས་བྱུང་ཞིང་གཉེན་སྟོན་གྱི་མཛད་སྒོ་ལ་རོལ་བའི་སྐབས་དེར། གང་ནས་ཡོང་བ་མི་ཤེས་པའི་གློ་ཚད་འདིས་མི་སེར་སྡུག་ལ་སྦྱར་སོང་། ཀྱེ་མ། བརྒྱུད་ནས་འཇབ་སྟེ་ཡོང་ཞིང་དངོས་སུ་དྲག་ཏུ་རྒོལ་བའི་ནད་ཡམས་འདིས་རྩ་བའི་བདེ་ཐང་ལ་གཏོར་བརླག་བཏང་སྟེ་ཅི་བྱ་བརྟོལ་མེད་ཀྱི་གནས་སུ་ལྷུང་ཡོད། ད་ནི་ཇི་ལྟར་བྱས་ཀྱང་མི་མང་པོར་ནད་ཡམས་འདི་འགོས་སོང་། གང་འདྲ་བྱས་ཀྱང་ཚད་ལྡན་གྱི་སྔོན་འགོག་ཐུབ་མ་སོང་བས། ནམ་ཞིག་ལ་སྨན་ཞིག་བཟོ་ཐུབ་བམ། ནམ་ཞིག་ལ་མཚམས་རེ་ཆོད་འགྲོ་འམ། ནམ་ཞིག་ལ་སངས་དྲག་ཡོང་སྲིད་དམ་སྙམ་པའི་རེ་བའི་ཀློང་ནས་ཉིན་ཞག་སྐྱེལ་བ་ལས་ཐབས་གཞན་མ་མཆིས་མོད།
གཉིས།
འོན་ཀྱང་། ང་ཚོ་སྐྲག་ས་ནི་འདི་ཙམ་གཏན་ནས་མིན་པར་ཁྱོད་ཚོས་ནད་ཡམས་འདིར་དོགས་ཟོན་བྱེད་ཀྱིན་མེད་པ་དེ་ཡིན། ངས་གོ་ཚོད་ལ་དབུས་ནས་དོགས་ཡོད་ནད་པ་གཅིག་ཡོད་པ་ནི་དྲག་སོང་། ད་ནི་སྣང་དག་མེད་ཟེར་ནས་ཁྲོམ་གཟིགས་སྒང་དང་བར་སྐོར་ལམ་ནས་མི་ཚོགས་འུར་ཟིང་གིས་འདུར་གྱིན་འདུག་ཟེར། དེ་བདེན་སྲིད་དམ། མི་འདི་ཚོས་ཅི་ཞིག་དྲན་བཞིན་ཡོད་དམ། རྒྱལ་ཡོངས་ནས་འགྲུལ་འབྲེལ་བཀག་འགོག་འདི་འདྲ་བྱས་ཚར་དུས། ཁྱོད་ཚོས་ལོ་གསར་གྱི་ཅ་དངོས་ཕྲན་བུ་ཙམ་དང་བཟའ་བཏུང་ཙག་ཙིག་ཙམ་གྱི་ཕྱིར་དུ་རང་གི་ཚེ་སྲོག་སྣང་མེད་གཡུག་ན་ག་ལ་རུང་། ལོ་གསར་ད་ལོར་མེད་ཀྱང་སང་ལོར་སར་ནའང་ཆོག་འདུག་མོད། འོན་ཀྱང་། ཚེ་སྲོག་ལན་གཅིག་མ་གཏོགས་ཡོད་མི་སྲིད་པ་ལོས་ཀྱང་མཁྱེན། དེ་བཞིན་དུ་ས་ཆ་གཞན་འགའ་ཞིག་ན་ང་ཚོར་ཆོས་ཀྱི་བྱིན་རླབས་ཡོད་པས་ནད་ཡམས་འདི་འགོ་མི་སྲིད་ཟེར་ནས་ཆོས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་གྱིན་འདུག་ཟེར་བ་དེ་ཚོ་བདེན་སྲིད་དམ། བདེན་མི་སྲིད། དེ་བཞིན་དུ་བོད་ཀྱི་ས་གཞན་ཀུན་ལ་འདི་ལྟར་མིན་པའི་སྨོན་ལམ་འདེབས། དེར་བརྟེན། ཁྱོད་ཚོར་དྲན་ཤེས་ཡོད་པའི་ཐོག་ནས་“ནད་མེད་དུས་ནད་པའི་སྡུག་བསྔལ་མི་དྲན། ནད་བྱུང་དུས་ནད་ལས་དྲན་རྒྱུ་མི་འདུག”ཅེས་པའི་གཏམ་དཔེ་དེ་ཡིད་ལ་ཉར་རོགས། དེ་ནི་ཁྱོད་དང་ཁྱོད་ཀྱི་གཉེན་ཉེ་ཚོའི་ཕན་བདེའི་རྩ་ལག་ཡིན་པར་མ་ཟད། ང་དང་ངའི་མི་རིགས་འདིའི་མ་འོངས་པའི་ཕུགས་བསམ་ཀྱང་ཡིན། མཐར། གནས་སྐབས་སུ་ཁྱོད་ཚོས་དོགས་ཟོན་ནན་པོ་གནང་རོགས། ཁྱོད་ཚོས་འགྲོ་འདུག་ཉུང་ཙམ་གནང་རོགས། དེ་ནི་རྟའུ་བ་ཡོངས་ཀྱི་སེམས་ཀྱི་རེ་སྨོན་ཡིན།