སྤྱི་ཟླ་2པའི་ཚེས་8ཉིན། མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་དུ་རིམས་ནད་འགོས་པའི་མི་གྲངས་ཇེ་མང་དུ་ཕྱིན་པ་དང་སྔོན་འགོག་དཀའ་ཁག་ཆེ་རུ་ཕྱིན་པའི་གནས་བབ་ལ་དམིགས་ནས། ཀིརྟི་དགོན་གསོ་རིག་འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ལགས་གཙོ་བྱས་ནས་བོད་ལུགས་གསོ་རིག་ཆེད་མཁས་པ་36གིས་ཉིན་མཚན་བརྒྱད་ཀྱི་རིང་གི་དཀའ་ངལ་ལ་མ་འཛེམས་པར་སྒོར་ཁྲི་36ལྷག་བཏང་ནས་སྨན་རིལ་ནག་པོ་དགུ་སྦྱོར་ཁྲི་15བཟོས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་སེར་སྐྱ་མང་ཚོགས་རྣམས་ལ་རིན་མེད་སྦྱིན་པ་བཏང་བ་དང་། རྫོང་ཡོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རང་ནུས་ཀྱིས་ནུས་པ་གང་ཡོད་ཕུལ་བ་རེད།
འགྲོ་ཕན་གླིང་གི་འགན་འཁུར་བ་ཚུལ་ཁྲིམས་ཀྱིས་སྨན་རིལ་བེད་སྤྱོད་བྱ་ཐབས་ངོ་སྤྲོད་བྱེད་ཞོར་དུ“ཏོག་གསར་གློ་ཚད་འགོས་ནད་བྱུང་རྗེས་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ལ་ཧུར་ཐག་ཞུགས་ཏེ་སྨན་རིལ་ནག་པོ་དགུ་སྦྱོར་བཟོས་ནས་སེར་སྐྱ་མང་ཚོགས་དང་རྒྱ་ཆེའི་ལས་བྱེད་པ་ལ་རིན་མི་དགོས་པར་སྤྲད་དེ་ཏོག་གསར་གློ་ཚད་སྔོན་འགོག་བྱེད་པར་ང་ཚོས་ནུས་པ་ཡོད་ཚད་བཏོན་ཡོད། མི་རིགས་མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་སྔོན་འགོག་བྱས་ནས་ནད་ལས་མྱུར་དུ་གྲོལ་ཞིང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་རྒྱུའི་རེ་བ་ཡོད།”ཅེས་གསུང་།