མཐོ་སྒང་གི་བརྟན་སྲུང་།ཉེན་རྟོག་པ་དང་སྨན་པ་བཟའ་ཟླ་གཉིས་ཀྱིས་བུ་མོ་ཁུར་ནས་མཉམ་དུ་རིམས་ནད་འགོག་སྲུང་བྱས་།

སྒྲོལ་མ་ཚེ་བརྟན་གྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


རིམས་ནད་སྔོན་འགོག་གི་མདུན་དུ་གསེར་རྟ་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་འཐབ་ས་དང་པོར་སྐྱོད་བཞིན་ཡོད་ལ། མི་གཅིག་གིས་འཐབ་འཛིང་བྱེད་བཞིན་ཡོད་པར་མ་ཟད། ཁྱིམ་ཚང་གང་བོ་གཡུལ་སར་སྐྱོད་བཞིན་པའང་ཡོད། ཁོ་ཚོས་ཐུན་མོང་གི་འགན་འཁྲི་བསྒྲུབ་ཆེད་གཡུལ་ས་མི་འདྲ་བར་བསྐྱོད་དེ་རང་རང་སོ་སོའི་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད། ལས་གནས་རེ་རེ་དང་ཁྱིམ་ཚང་རེ་རེའི་ནུས་པ་དེ་རིམས་ནད་སྔོན་འགོག་ལ་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་སུ་གྱུར་ཡོད། ཁྱིམ་ཚང་ནི་རྒྱལ་ཁ་ཆུང་ཆུང་དང་། རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོས་གྲུབ་པ་ཡིན། མཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་བརྩེ་བ་ཆེན་པོས་ཀུན་ལ་དྲོད་འཁོལ་བསྩལ། 


ཚེ་རིང་ནི་2009ལོར་ཉེན་རྟོག་པའི་ལས་གནས་སུ་ཞུགས་ཤིང་། ད་ལྟ་དཀར་མཛེས་ཁུལ་གསེར་རྟ་རྫོང་སྤྱི་བདེ་ཅུས་བརྡར་ཚང་མངགས་གཏོང་ཁང་གི་སུའོ་ཀྲང་གི་འགན་ཁུར་ཡོད་པ་དང་། བཀྲ་ཤིས་སྒྲོལ་མ་2012ལོར་ལས་ཀར་ཞུགས་པ་དང་ད་ལྟ་གསེར་རྟ་རྫོང་གཉན་ལུང་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གི་འགན་ཁུར་ཡོད། ཁོ་གཉིས་ཀྱི་བུ་མོའི་མིང་ལ་ཚེ་དཔལ་མཚོ་ཟེར་ལ་ད་ལྟ་ལོ་གཅིག་དང་ཟླ་དྲུག་ཡིན།

མ་གཞི་མཐོ་སྒང་ན་འཚོ་བ་དཀྱུས་མ་རོལ་བའི་ཉེན་རྟོག་པ་དང་སྨན་པའི་ཁྱིམ་ཚང་འདི། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་མི་མང་པོ་ཞིག་གིས་ཁྱིམ་ཚང་འདི་ངོ་ཤེས་པ་རེད། སྨན་པ་སྒྲོལ་མས་རང་གི་བུ་མོ་རྒྱབ་ཏུ་ཁུར་ནས་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱས་པའི་རྒྱབ་གཟུགས་དེས་དཀར་མཛེས་བོད་རིགས་ས་ཁུལ་གྱི་ཁྱིམ་ཚང་ཚང་མར་སེམས་འགུལ་ཆེན་པོ་ཐེབས།

བཟའ་ཟླ་གཉིས་ཀྱི་ཕ་མ་ལོ་ན་མཐོ་བས་བུ་མོ་ཚེ་དཔལ་མཚོ་བདག་སྐྱོང་བྱ་མི་ཐུབ་པས། ཚེ་རིང་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་ཚེ་དཔལ་མཚོ་འཕྲོད་བསྟེན་ཁང་དུ་ཁྲིད་དེ་སྒྲོལ་མས་ལས་རེས་ཀྱི་བར་གསེང་ནས་བདག་སྐྱོང་བྱ་རྒྱུའི་ཐག་བཅད། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེས་འཕྲོད་བསྟེན་ཁང་གི་ཡོན་ཀྲང་གི་འགན་ཁུར་བའི་སྒྲོལ་མར་ལས་ཀ་མང་དུ་བྱུང་ལ་ཁོམ་ལོང་མེད་པར་གྱུར། འཕྲོད་བསྟེན་རིམས་འགོག་གི་ལས་དོན་མང་པོ་ཡོད་པས་སྒྲོལ་མ་འཕྲོད་བསྟེན་ཁང་ནས་ཕྱི་རོལ་དུ་ཡང་འགྲོ་དགོས་བྱུང་།

ཚེ་དཔལ་མཚོས་ཇི་ལྟར་བྱེད་དམ། འདང་ཞིབ་མོ་རྒྱག་ཁོམ་མ་བྱུང་པར་བུ་མོ་རྒྱབ་ཏུ་ཁུར་ནས་ལས་ཀར་ཞུགས། དེ་ལྟར་ཉིན་དེ་དག་གི་རིང་གསེར་རྟ་རྫོང་གཉན་ལུང་ཤང་མཚོ་འཕགས་སྨི་4000ལྷག་ཙམ་ཡོད་པའི་མཐོ་སྒང་གི་གནས་འདི་རུ་བལྟས་ཚོད་དུ་ཉམས་ཆུང་འདྲ་མོད། སྲ་ཞིང་བརྟན་པའི་གཟུགས་བརྙན་ཞིག་ཚང་མའི་སེམས་སུ་ཟུག་ཡོད། ཁོང་མོས་ལུས་ལ་གོས་དཀར་པོ་གྱོན་པ་དང་། མགོ་ལ་ཞྭ་དམར་པོ་ཞིག་གྱོན་ཞིང་། ཁ་ཤུབས་ཀྱིས་ཕལ་ཆེར་གདོང་ཧྲིལ་པོ་བཀབ་ཡོད་པ། ཁོ་མོའི་རྒྱབ་ན་ལོ་གཅིག་ལྷག་ལ་སོན་པའི་བྱིས་པ་ཞིག་ཡོད། ཁོ་མོ་གང་དུ་སོང་ན་བྱིས་པའང་དེ་དང་འགྲོགས་ནས་དེ་ལ་ཐོན། བཀྲ་ཤིས་སྒྲོལ་མ་དང་ཁོང་གི་ལས་རོགས་ཚོས་ཉིན་ལྟར་གཏན་འཁེལ་ས་ཚིགས་ནས་ནང་མི་ཕྱི་ལ་འགྲོ་བ་དང་ཕྱི་མི་ནང་ལ་ཡོང་མཁན་རྣམས་རེ་རེ་བཞིན་ཞིབ་བཤེར་ཚད་ལེན་བྱེད་པ་དང་། གྲོང་ཚོ་དང་དུད་ཚང་དུ་སོང་ནས་མི་རེ་རེ་བཞིན་བརྟག་དཔྱད་ཞིབ་ཚགས་བྱེད་པ། ཁྱིམ་ཚང་གི་ལོགས་སུ་བཀར་བའི་མི་32ལ་གཟུགས་པོའི་དྲོད་ཚད་ཞིབ་བཤེར་ཚད་ལེན་བྱེད་པ། ཁོངས་གཏོགས་ཁུལ་གྱི་དགོན་སྡེ་དང་ཚོང་ཁང་། འབྲོག་ཁྱིམ་བཅས་ལ་དུག་སེལ་གཙང་སེལ་བྱེད་པ་སོགས་ཀྱི་ལས་ཀ་ཁུར་དུ་བླངས། བརྡར་ཚང་ཡུལ་ཚོའི་གྲུ་ཟུར་རེ་རེ་ན་བཀྲ་ཤིས་སྒྲོལ་མའི་བྲེལ་འཚུབ་ཀྱི་གོམ་རྗེས་ཕབ་ཡོད་པ་དང་། བཀྲ་ཤིས་སྒྲོལ་མར་དཀའ་ངལ་ཅི་འདྲ་ཆེ་ཡང་ཁོ་མོས་ཚེ་རིང་ལ་མི་འདོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་མྱོང་།

ཚེ་རིང་ལས་ཀར་བྲེལ་བ་ཆེ་བས་ལོ་གཅིག་ལ་ཁྱིམ་དུ་ཡོང་རྒྱུ་ཧ་ཅང་ཉུང་། ཚེ་རིང་གི་ལས་གནས་ཡོད་སའི་བརྡར་ཚང་ཡུལ་ཚོ་ནི་སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། རིམ་ནད་སྔོན་འགོག་གི་སྐབས་སུ་མི་རྣམས་ཕན་ཚུན་འགྲོ་འོང་གི་ཉེན་ཁ་འགོག་ཆེད། ཁོང་གིས་བརྡར་ཚང་མངགས་གཏོང་ཁང་གི་འཐབ་གྲོགས་ཡོངས་ཀྱི་སྣེ་ཁྲིད་དེ་མཚོ་འཕགས་སྨི་4200ཟིན་པའི་མཐོ་སྒང་དུ་གུར་ཕུབ་ནས་རིམས་ནད་ཞིབ་བཤེར་བྱེད་པ་དང་གྲོང་གསེབ་ཀྱི་གཞུང་ལམ་གལ་ཆེན་བརྟན་སྲུང་བྱས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་དང་ཁྱོན་ཡོངས་ལ་ཁྱབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་བཞིན་ཡོད།

བཟའ་ཟླ་བཀྲ་ཤིས་སྒྲོལ་མས་བུ་མོར་ཚ་བ་བརྒྱབ་ནས་ཉིན་གཉིས་ལ་ཟ་མ་མ་ཟོས་པའི་གནས་ཚུལ་ཁ་པར་གྱི་སྐུད་ལམ་ནས་ཐོས་སྐབས་མཐོ་སྒང་གི་གངས་འཁྱགས་ཁྲོད་དུ་གོམ་སྟབས་ཆེ་ལ་དཔའ་སྟོབས་ལྡན་པའི་ཕོ་རྒོད་འདིར་དབང་མེད་དུ་མིག་ཆུ་ཤོར། ཁོས་ཆུང་མས་སེམས་ཁུར་མི་བྱེད་པའི་ཆེད་དུ་ངག་སྒོ་ཡང་མོས་བུ་མོའི་ན་ཚར་རྒྱུས་ལོན་ཞིབ་མོ་བྱས་ལ། རང་གི་ཆུང་མར་སེམས་གསོ་ཡང་ཡང་བྱས། བཀྲ་ཤིས་སྒྲོལ་མས་སྐྱོན་མེད། ང་ནི་སྨན་པ་ཡིན་པས་སྐྱོན་མེད། བརྡར་ཚང་ནས་རང་གིས་རང་ལ་བདག་ཡག་པོ་བྱོས། གྲང་དུ་མ་འཇུག་ཅེས་བཤད།

ཚེ་རིང་དང་བཀྲ་ཤིས་སྒྲོལ་མ་ནི་མཐོ་སྒང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་ཁྱིམ་མི་ཡིན་ལ། སྙིང་རྗེ་མེད་པའི་རིམས་ནད་ཀྱི་མདུན་དུ་ཁོ་ཚོས་བརྩེ་སེམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕན་ཚུན་དྲོད་སྐྱིད་སྦྱིན་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འབད་བཞིན་མཆིས། ཉེན་རྟོག་པ་དང་སྨན་པའི་ཁྱིམ་ཚང་འདིས་འཁང་ར་ཅི་ཡང་མེད་པར་རང་རང་གི་ལས་གནས་བརྟན་སྲུང་བྱས་པ་དང་། ཁོངས་གཏོགས་མི་སེར་གྱི་བདེ་འཇགས་དང་བདེ་ཐང་གི་ཆེད་དུ་དཀའ་ངལ་ཇི་འདྲར་འཕྲད་རུང་ཁོང་གཉིས་ཀྱིས་དུས་ཚོད་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་བཏང་མ་མྱོང་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1