ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཟླ་2པའི་ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ཏེ། ཀྲུང་དབྱང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་འབྲེལ་ཡོད་སྡེ་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་སྙན་སེང་གསན་པ་དང་། གོམ་སྟབས་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཐབ་ས་དང་པོར་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་ལས་བྱེད་ལས་བཟོ་པ་དང་། སྨན་བཅོས་འཕྲོད་བསྟེན་ལས་དོན་པ། ཚན་ཞིབ་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཕྱོགས་ཁག་གི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ་དང་། ནད་པ་དང་ནད་པའི་ཁྱིམ་མིར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཐེངས་རིམས་ནད་ཐོན་ཚུན། ཏང་ཀྲུང་དབྱང་གིས་མཐོང་ཆེན་བྱས་ནས་སྔ་བར་ཕྱི་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཨང་དང་པོར་བཞག་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་འཚོགས་ཏེ་ཆེད་དོན་ཞིབ་འཇུག་བྱས་པ། ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་རྒྱལ་ཁ་ཐོབ་ཆེད་ཆབ་སྲིད་ཀྱི་འགན་སྲུང་སྲ་ཞིང་བརྟན་པ་མཁོ་འདོན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ཡོད། ཀྲུང་དབྱང་གིས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་གྲོས་ཚོགས་ཐེངས་མང་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་པས་ལས་དོན་ཧུར་ཐག་སྤེལ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་ཚོད་འཛིན་སྒྲིག་གཞིས་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པ་དང་། སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འཕྲད་པའི་ཁ་ཚ་དགོས་གཏུག་གནད་དོན་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་བྱས་ཡོད། འབྲེལ་ཡོད་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་འཁུར་བ་དང་། དམག་དཔུང་གིས་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ས་ཁུལ་ཁག་གིས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་འགོ་ཁྲིད་ཚོགས་ཆུང་ལ་བསྐོ་བཞག་བྱས་ཡོད། ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་ལས་ཁུངས་ཁག་དང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ། རྒྱ་ཆེའི་སྨན་དོན་མི་སྣས་སྒེར་སེམས་མེད་པའི་ལེགས་སྐྱེས་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་འགོ་བཙུགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྤྱིའི་དམག་འཐབ་འགོ་བཙུགས་ཤིང་། རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་སློང་དང་། ཁྱོན་ཡོངས་ནས་བཀོད་སྒྲིག ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྣམ་པ་ཞིག་གྲུབ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་དང་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་ཅེས་གསུངས་འདུག
ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་པོ་ཡོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་འབྲེལ་བ་ཡོད། ད་ཆ། ཆེས་འགག་རྩའི་གནད་དོན་ནི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་དེ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་པ། ཡིད་ཆེས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་བླང་བྱ་གཞིར་བཟུང་། གང་མགྱོགས་ཧེ་བག་འཚོལ་བ་དང་། ཞན་ཆ་གསབ་པ། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་པ། དུས་ཚོད་དམ་འཛིན་བཅས་བྱས་ནས་ནད་གདོན་ལ་ཁ་གཏད་བཅག་སྟེ་རིམས་ནད་འགོས་ཁྱབ་འགྲོ་ཚུལ་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས་པའི་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རྒྱལ་ཡོངས་ནས་མཉམ་དུ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་ངེས་པར་དུ་བརྩི་སྲུང་དང་བཀའ་གསུང་ཅི་སྒྲུབ་ཞུ་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ངེས་པར་དུ་གནས་བབ་ཧྲིལ་པོའི་འདུ་ཤེས་དང་སྤྱི་ཡོངས་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། ཀྲུང་དབྱང་གི་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་ཚོད་འཛིན་སྒྲིག་གཞིའི་བཀོད་འདོམས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་བྱ་ཐབས་བཟུང་སྟེ་རང་ས་ཁུལ་དང་རང་ཁོངས་གཏོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་བསམ་གཞིག་བྱེད་དགོས་ལ་ས་ཁུལ་གཙོ་བོ་དང་རྒྱལ་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཤུགས་རྐྱེན་ལའང་བསམ་གཞིག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནི་གསོ་རིག་འཕྲོད་བསྟེན་གྱི་གནད་དོན་ཙམ་མ་ཟད་ཁྱོན་ཡོངས་ཀྱི་ལས་དོན་ཡིན་པས། ལས་དོན་ཁག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་འགྱུར་བ་ཟམ་མི་ཆད་པ་འགྲོ་བཞིན་ཡོད་ཅིང་ལས་དོན་ཁག་ལའང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་འཕྲད་བཞིན་ཡོད་པས། རྗེས་འདེད་ནན་པོ་དང་། དུས་ཐོག་དབྱེ་ཞིབ། འཕྲལ་མར་བྱ་སྤྱོད་སྤེལ་བ། བློ་རྩ་བརྟན་ལ་ཤུགས་དྲག་ལྡན་པ། ལྷོད་གཡེངས་སྤུ་ཙམ་མེད་པའི་ཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། གཞི་རིམ་ལས་བྱེད་པའི་སེམས་ནུས་དེ་བས་མང་བ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འདོན་སྤེལ་ཐུབ་པ་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་གཅིག་གྱུར་བཀོད་འདོམས་དང་བཀོད་གཏོང་ལ་བརྩི་སྲུང་མི་ཞུ་བ། རང་གནས་རིང་ལུགས་ཚབས་ཆེ་བ། འགན་འཁུར་མི་ཕོད་པ་དང་སྤྱོད་ཚུལ་སྒམ་བརླིང་མེད་པ། འགན་ཕར་དཀྲི་ཚུར་དཀྲི་བྱེད་མཁན་ལ་ཐད་ཀའི་འགན་འཁུར་བའི་འགན་འཁྲི་རྩད་གཅོད་བྱེད་པ་ཕུད། གནས་ཚུལ་ཚབས་ལྕི་བར་ཏང་སྲིད་འགོ་ཁྲིད་གཙོ་བོའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། འགན་འཛོལ་ལས་འཛོལ་བྱུང་བར་སྒྲིག་ཁྲིམས་དང་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་རེད།
གྲོས་ཚོགས་ཐོག་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་དགོས། སྟོབས་ཤུགས་གཅིག་སྡུད་བྱས་ནས་གཙོ་གནས་ས་ཁུལ་གྱི་རིམས་ནད་ཚོད་འཛིན་བྱས་ན་གཞི་ནས་རིམས་ནད་རྒྱལ་ཡོངས་སུ་འགོས་ཁྱབ་འགྲོ་བའི་འབྱུང་རྩ་སེལ་ཐུབ། འགོག་བཅོས་སྟོབས་ཤུགས་ས་ཁོངས་སུ་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་པ་དང་། སྐྱོབ་བཅོས་ཐོན་ཁུངས་དང་འགོག་སྲུང་ཐོན་ཁུངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་མཐའ་གཅིག་ཏུ་གཅིག་སྡུད་བྱེད་དགོས་པ་དང་། འཐབ་ས་དང་པོའི་སྨན་དོན་མི་སྣ་དང་བསྐྱབ་བྱའི་ནད་པའི་དགོས་མཁོ་སྔོན་ལ་སྐོང་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ནང་གི་གཙོ་གནད་ཡིན། སྔོན་འགོག་ཚོད་འཛིན་བྱ་རྒྱུ་སྔར་བས་འཐུས་ཚང་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་དབྱེ་བ། སྔ་ཙམ་སྨན་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས་པ་དང་། རིམས་ནད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གཅིག་སྡུད་ཐོག་ནད་པ་སྐྱོབ་བཅོས་བྱེད་པ། འབྲེལ་གཏུག་དམ་ཟབ་ཡོད་མཁན་གྱི་མི་སྣ་ཡོད་ཚད་ལ་ཁྱིམ་དུ་གསོ་རིག་ལྟ་ཞིབ་བྱེད་པ་བཅས་བྱས་ནས་རིམས་ནད་ཕྱི་ཕྱོགས་སུ་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་བྱེད་པའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་ཤུགས་ཆེར་གཏོང་དགོས། ས་གནས་ཁག་གིས་ས་གནས་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་ནན་དུ་གཏོང་བ་དང་། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་དྲ་མིག་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིབ་ཚགས་ལ་གནད་ལ་འཕིགས་པ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་བཟུང་བ་བཅས་བྱས་ནས་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་བྱེད་དགོས། དཔྱིད་གསར་རྗེས་ཀྱི་འགྲོ་འོང་ལས་བྱུང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། མི་སྣ་སྐྱོད་ཡུལ་དང་ཐོན་ཡུལ་གྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་དོན་འཁྱོལ་བྱེད་པ། འགྲུལ་པར་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་འགྲིམ་འགྲུལ་ཡོ་ཆས་དང་འབབ་ཚུགས་སུ་དུག་སེལ་རླུང་འགྲོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད་པ་རེད།
གྲོས་ཚོགས་ཐོག ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་དགོས་པ་དང་། སྨན་བཅོས་འགོག་སྲུང་དངོས་པོའི་མཁོ་སྤྲོད་ལ་འགན་སྲུང་བྱེད་པ། འབད་པ་ཆེན་པོས་སྨན་ཁང་ནང་ཉར་ནས་སྨན་བཅོས་བྱེད་ཚད་དང་དྲག་སྐྱེས་ཐུབ་ཚད་མཐོ་རུ་གཏོང་བ་དང་། རིམས་ནད་འགོས་ཚད་དང་འཆི་ཚད་དམའ་རུ་གཏོང་དགོས། འདི་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལས་འགན་གཙོ་བོ་ཞིག་རེད། གཅིག་སྡུད་ཐོག་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྨན་ཁང་གང་མགྱོགས་འཛུགས་སྐྲུན་ཟིན་པ་བྱས་ནས་བེད་སྤྱོད་ཐུབ་པ་བྱེད་དགོས་པ་དང་། དགོས་མཁོར་གཞིགས་ཏེ་མུ་མཐུད་རྒྱལ་ཡོངས་ནས་སྨན་དོན་མི་སྣ་ཝུའུ་ཧན་དུ་རོགས་སྐྱོར་ལ་མངགས་དགོས་པ་དང་དུས་མཚུངས་སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། མི་སྣ་བཀོད་གཏོང་བྱ་རྒྱུར་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པ་དང་། སྟོབས་ཤུགས་ཆེ་ཁག་གང་མགྱོགས་གཅིག་སྡུད་དང་ཚབས་ཆེའི་ནད་པ་གཅིག་སྡུད་བྱས་ཏེ་གཅིག་གྱུར་ཐོག་སྐྱོབ་བཅོས་བྱེད་དགོས་པ་དང་། དུས་ཐོག་ཏུ་སྨན་ཁང་ཁག་གི་ཚབས་ཆེའི་ནད་པ་བསྐྱབ་བཅོས་བྱེད་པའི་ནུས་ལྡན་བྱ་ཐབས་ཁྱབ་གདལ་གཏོང་དགོས། གནད་གཏན་ཁེལ་གྱི་སྨན་བཅོས་ཚན་པ་དང་ལོགས་དབྱེ་ཁུལ་སོགས་གཙོ་གནད་ཁུལ་གྱི་བདེ་སྲུང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་དང་ལོགས་དབྱེའི་སྒྲིག་ལམ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། སེམས་ཁམས་སློབ་གསོར་ཤུགས་སྣོན་དང་དམིགས་བཙུགས་རང་བཞིན་གྱི་མི་ཆོས་སློབ་གསོ་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།
གྲོས་ཚོགས་ཐོག ཚན་ཞིབ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་ལས་རྣམ་པར་རྒྱལ་བར་ཚན་རིག་གི་འདེགས་སྐྱོར་དང་ཁ་བྲལ་ཐབས་མེད། ཚན་རིག་ལ་བརྟེན་ནས་ནད་དུག་གི་འབྱུང་ཁུངས་ར་སྤྲོད་བྱེད་དགོས་པ་དང་། འགོས་ནད་ཀྱི་འབྱུང་ཁུངས་དང་འགོས་ཁྱབ་འགྲོ་ཚུལ་གང་མགྱོགས་བརྟག་དཔྱད་ཐུབ་པ་བྱེད་པ། ནད་དུག་གཞན་འགྱུར་གྱི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཚགས་བྱེད་པ། དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་དང་བྱ་ཐབས་ཞིབ་འཇུག་བཅས་བྱེད་དགོས། མཐོ་སློབ་དང་ཚན་ཞིབ་སྡེ་ཁག ཁེ་ལས་སོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་། རྒྱལ་ཡོངས་ཚན་ཞིབ་ལས་དོན་པ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ནང་ཞུགས་རྒྱུ་སྒྲིག་འཛུགས་དང་དེར་སྐུལ་སློང་བྱེད་པ། འབྲེལ་ཡོད་གྲངས་གཞི་དང་ནད་དཔེ་ཆ་འཕྲིན་སྒོ་དབྱེ་མཉམ་སྤྱོད་བྱེད་པ། ནད་དུག་གི་འབྱུང་ཁུངས་དང་འགོས་ཤུགས། འགོས་ཁྱབ་འགྲོ་ལུགས་སོགས་ལ་གང་མགྱོགས་ཞིབ་འཇུག་བྱས་ནས་དུས་ཐོག་ཏུ་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། ནུས་ཆེའི་སྨན་རྫས་དང་རིམས་འགོག་སྨན་ཞིབ་བཟོ་བྱ་རྒྱུར་ཤུགས་སྣོན་དང་། ཚན་ཞིབ་འགག་སྒྲོལ་དང་ནད་ཐོག་སྔོན་འགོག་ཚོད་འཛིན་གྱི་ལག་ལེན་ཟུང་འབྲེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
གྲོས་ཚོགས་ཐོག རྒྱུན་ལྡན་གྱི་དཔལ་འབྱོར་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས་ཐོན་སྐྱེད་འཚོ་བ་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འབད་བརྩོན་བྱེད་དགོས། སྔོ་ཚལ་དང་ཤ་སྒོང་། འོ་མ། འབྲུ་རིགས་སོགས་གྲོང་མིའི་འཚོ་བའི་མཁོ་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས་པ་དང་། སྔོ་ཚལ་གྱི་གྲོང་སྤྱིའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། སྔོ་ཚལ་སོགས་ཞོར་ཟས་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། དངོས་ཟོག་བཀོད་སྒྲིག་དང་ཁྲོམ་རའི་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་གནས་ཁག་གིས་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་མི་སྣ་དང་རླངས་འཁོར་གྱི་རྒྱུན་ལྡན་འགྲོ་འོང་ལ་འགན་ལེན་བྱེད་དགོས། རྡོ་སོལ་དང་གློག སྣུམ། སོལ་རླངས་སོགས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་རིམ་ཁག་གི་འགལ་ཟླ་དང་གནད་དོན་ཐག་གཅོད་འོས་འཚམས་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་རིམས་ནད་གནས་ཚུལ་ལ་བརྟེན་ནས་ཟོག་གོང་སྤོར་བ་དང་། དངོས་ཟོག་འབེལ་ཉོ་དཀོན་ཚོང་བྱེད་པ། འགྱེལ་བའི་སྟེང་ལ་རྡོག་བརྫིས་གཏོང་བ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ། སྨན་རྫས་དང་སྨན་བཅོས་ཡོ་ཆས། སྨན་བཅོས་འཕྲོད་བསྟེན་གྱི་རྒྱུ་ཆ་སོགས་རྫུན་བཟོ་རྫུན་ཚོང་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། དྲ་ཐོག་དང་དྲ་འོག རྒྱལ་ནང་དང་རྒྱལ་སྤྱི། དོན་ཆེན་དང་དོན་ཆུང་བཅས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། ཆོད་སེམས་བརྟན་གཏོང་དང་། མི་སེམས་དྲོ་སོབ། དམངས་སེམས་གཅིག་སྡུད་བཅས་བྱེད་དགོས། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ་དང་། ས་གནས་ཁག་དང་ཚན་པ་ཁག་གི་མཉམ་འགོག་མཉམ་འཛིན་གྱི་བྱ་ཐབས་བཟང་པོའི་གནས་ཚུལ་སྤེལ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོས་གླེང་བ་དང་། ཀྲུང་གོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། ཀྲུང་གོའི་མི་དམངས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་བསམ་པའི་ཉམས་སྣང་མངོན་པར་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས། འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ཡོངས་ནས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་ལས་དོན་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས། ལྷག་བསྡད་པའི་གནད་དོན་ལ་མཐོང་ཆེན་གྱིས་དུས་ཐོག་ཏུ་ཁུངས་བཙན་གྱི་ཆ་འཕྲིན་ཡོངས་བསྒྲགས་དང་། མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལན་ཆ་བྱེད་པ། དུས་ཐོག་རང་བཞིན་དང་དམིགས་བཙུགས་རང་བཞིན། ཆེད་ལས་རང་བཞིན་བཅས་ཤུགས་ཆེར་བཏང་ནས་མང་ཚོགས་ཀྱི་ཆོད་སེམས་བརྟན་དུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས། དམིགས་བཙུགས་རང་བཞིན་ཡོད་པའི་ངང་ནས་བསམ་པའི་དཔལ་ཡོན་གྱི་སློབ་གསོ་རྒྱག་དགོས་པ་དང་། བདེ་ཐང་འདུ་ཤེས་དང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བྱང་ཚད་དང་རང་སྲུང་ནུས་པ་མཐོ་རུ་འགྲོ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། དྲ་རྒྱའི་སྨྱན་སྦྱོར་ལ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། བྱེད་པོའི་འགན་འཁྲི་དང་། གཙོ་འགན་འགན་འཁྲི། ལྟ་སྐུལ་འགན་འཁྲི་བཅས་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་བཅས་བར་སྤེལ་རེས་མཐུན་སྦྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་སྟེ། རིམས་ནད་གནས་ཚུལ་གྱི་ཆ་འཕྲིན་མཉམ་སྤྱོད་དང་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
གྲོས་ཚོགས་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མུ་མཐུད་ནས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱ་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་སྡུད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་ཡག་པོ་བྱེད་དགོས་པ་དང་། དེ་མིན་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཕྱོགས་མཚུངས་སྒྱུར་བཅོས་དང་གོང་འཕེལ་བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་འཆད་འགོད་ཀྱིས་དམ་འཛིན་བྱེད་དགོས་པ་དང་། ལྷག་པར་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་བསྐྲུན་ཚར་བ་བྱེད་རྒྱུར་རྒྱལ་ཁབ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་འགན་དམ་འཛིན་ཡག་པོ་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དམ་ཟབ་བྱེད་པ་དང་། རིམས་ནད་ཀྱིས་དཔལ་འབྱོར་འཁོར་སྐྱོད་ལ་བྱུང་བའི་རྡབ་སྐྱོན་དང་ཤུགས་རྐྱེན་ལ་གཅིག་སྡུད་བྱེད་པ་དང་། བརྟན་པོ་དྲུག་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞིགས་ནས་རྙོག་འཛིང་ཆེ་བའི་དཀའ་ངལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཨང་གསར་བྱ་དགོས། སྔོན་འགོག་ཚོད་འཛིན་ལས་ཀ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རིགས་སྣ་ཚོགས་ཀྱི་ཐོན་སྐྱེད་ཁེ་ལས་ནས་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྒྲིག་འཛུགས་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ནས་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་མི་བེད་སྤྱོད་ཐད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་བེད་སྤྱོད་གང་ལེགས་གཏོང་བ། མ་འཇོག་རྣམ་གྲངས་གསར་པ་ལས་འགོ་འཛུགས་ཤུགས་ཆེ་རུ་གཏོང་བ། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་དགོས། མ་འཇོག་གྲུབ་ཆ་ལེགས་སྒྱུར་བྱས་ནས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དེ་སྔོན་ལ་ནད་རིམས་ཚབས་ཆེ་བའི་ས་ཁུལ་གྱི་མཁོ་བསྟུན་སྨན་བཅོས་སྐྱོབ་བཅོས་སྒྲིག་ཆས་དང་། ལོགས་དབྱེའི་སྒྲིག་ཆས་སོགས་འགོས་ནད་འགོག་བཅོས་ལ་མཁོ་གལ་ཆེ་བའི་རྣམ་གྲངས་ལ་ཕྱོགས་ལྷུང་བྱེད་དགོས། དབུལ་སྒྲོལ་འགག་གཏོར་དམག་འཐབ་ཀྱི་མཐའ་མའི་བཙན་རྫོང་གཏོར་རྒྱུར་གཅིག་སྡུད་བྱེད་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིམས་ནད་འགོག་བཅོས་ནས་འགོ་འཛུགས་ས་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་དང་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཡུལ་མིའི་འཛད་སྤྱོད་བརྟན་ལྷིང་ལ་འགན་ལེན་བྱ་རྒྱུར་གཞིགས་ནས་གསར་དར་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་གང་མགྱོགས་འདོན་ཐུབ་པ་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཡུལ་མིའི་བདེ་ཐང་འཚོ་བའི་འཛད་སྤྱོད་དགོས་མཁོ་སྐོང་བ། གྲོང་མིའི་བདེ་ཐང་འཚོ་བའི་གོམས་གཤིས་ཡག་པོ་ཆགས་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག་ཐེངས་འདིའི་རིམས་ནད་ནི་རང་རྒྱལ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་ཐེབས་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ཉམས་མྱོང་ཕྱོགས་བསྡོམས་དང་བསླབ་བྱ་བསྡུ་ལེན་བྱ་དགོས། ཐེངས་འདིའི་རིམས་ནད་ལ་ཁ་གཏད་གཅོག་པའི་ནང་ཐོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས། རྒྱལ་ཁབ་ཀྱི་མཁོ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དོད་དྲག་དཀའ་ཆེ་ཉེན་ཆེ་བཅས་ཀྱི་ལས་འགན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ལ་རྩད་ཞིབ་བཅོས་སྒྲིག་མཐར་ཕྱིན་པ་བྱས་ནས། སྤྱི་པའི་འཕྲོད་བསྟེན་གྱི་ཞན་ཆ་གསབ་ཐུབ་པ་བྱ་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལྟར་སྤྱི་པའི་འཕྲོད་བསྟེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གསོག་འཇོག་མ་ལག་གི་ཞན་ཆ་རྩད་ཞིབ་བྱས་ནས། གསོག་འཇོག་ཕན་ནུས་ཆེ་རུ་གཏོང་བ་དང་། འགག་རྩའི་དངོས་རྫས་ཐོན་སྐྱེད་ནུས་པའི་བཀོད་པ་ལེགས་སྒྱུར་བྱ་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།