ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་གྱི་ཕྱི་དྲོར། ལི་ཁེ་ཆང་གིས་སྔ་དྲོར་ཚོང་ར་ལས་འདེམས་ཉོ་བྱས་པའི་ལོ་གསར་གྱི་མཁོ་ཆས་བཟུང་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཁུལ་ཧྲང་ཤིན་ཀྲོང་གྲོང་རྡལ་ཧེ་ཁྲེང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གནས་དེའི་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། སྔོན་ཆད་ཀྱི་དབུལ་པོའི་གྲོང་ཚོ་དེ་ད་ཆ་མང་ཚོགས་རྣམས་དབུལ་སྒྲོལ་ཐུབ་ཡོད། ཙུང་ལིས་ཁ་བ་རྡོག་པས་མནན་ནས་བསྟུད་མར་ཞིང་ཁྱིམ་གཉིས་ལ་འཚམས་འདྲི་བྱས། བོད་རིགས་གྲོང་མི་ལི་ཀྲི་ཁྲིན་གྱིས་ཙུང་ལི་ལ་མཇལ་དར་ཕུལ་བ་དང་འབྲེལ་དྲི་ཞིམ་འཐུལ་བའི་འོ་ཇ་དང་གོ་རེ་སྣུམ་བཙོས་ཕུལ་བ་རེད། ཙུང་ལིས་ཁྱིམ་བདག་གིས་ཕུལ་བའི་ནས་ཆང་ཁམ་གང་འཐུང་རྗེས“ངོ་མ་ཞིམ་པོ་རེད”ཅེས་བཤད། ཁང་པའི་ཚ་ཐབ་ཐོག་ཙུང་ལི་དང་དཔྱིད་གསར་དུས་ཆེན་རིང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་དང་སློབ་ཆེན་སློབ་མ་དང་མཉམ་དུ་བསྡད་ནས་ཁོང་ཚོས་གང་དུ་གླ་རྒྱག་པ་དང་། ཡོང་འབབ་ཇི་ཙམ་ཡོད་པ། ས་ཞིང་འདེབས་པའི་ཡོང་འབབ་དང་བསྡུར་ན་ཧེ་བག་ཇི་ཙམ་ཡོད་པ། དེ་བཞིན་སློབ་ཆེན་སློབ་མའི་འབྱུང་འགྱུར་གྱི་ལས་ཞུགས་འདོད་འདུན་སོགས་རེ་རེ་བཞིན་བཀའ་འདྲི་གནང་བ་དང་ཁ་བརྡ་གང་མང་བྱས་པ་རེད། ཞིང་པ་ལས་མིས་ཙུང་ལི་ལ་ངེད་ཚོ་མང་ཆེ་བས་ཟི་ལིང་དུ་གླ་རྒྱག་གི་ཡོད་པས་ཡོང་འབབ་དེ་ས་ཞིང་འདེབས་པའི་ཡོང་འབབ་ལས་ཧ་ཅང་མཐོ་བ་ཡོད་པས། ཟི་ལིང་གི་འཕེལ་རྒྱས་དེ་སྔར་བས་མགྱོགས་པོ་དང་ཇེ་ལེགས་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད། ཙུང་ལིས་འཁོར་དང་བཅས་པར་བཤད་རྒྱུར། སྔོན་ནས་བཟུང་གླ་རྒྱག་པའི་ཡོང་འབབ་དེ་ཞིང་པའི་ཁྱིམ་ཚང་གི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཡིན་པས། གསར་དར་གྲོང་རྡལ་ཅན་གྱི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དེས་ཞིང་བའི་གླ་རྒྱག་གི་གོ་སྐབས་དེ་བས་མང་པོ་དང་དེ་བས་བརྟན་པོ་བཏོད་དེ་ཞིང་པའི་ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད། དེར་བརྟེན་ཚང་མ་འབྱོར་ཕྱུག་གི་ཕྱོགས་སུ་བརྟན་པོར་བསྐྱོད་དེ་དབུལ་བོར་བསྐྱར་ལོག་མི་བྱེད་པ་བྱེད་དགོས་ཞེས་བསྟན། །