སྒྱུ་མའི་རི་གྲོང་ནང་གི་གླུ།
ཐ་སྐར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09
མཁའ་དཀྱིལ་དྭངས་པའི་གཙང་པོ། །ཉི་ཟླའི་འདུ་འཛོམས་གསལ་བ། །
དབེན་སར་གནས་པའི་ལྗོན་པ། །གཡོ་སྐྱོམ་མང་དུ་བྱས་པ། །
རླུང་གིས་གཙེས་པ་ཡིན་ནམ། །ཡིད་ཀྱི་ནམ་མཁའི་ངོ་བོར། །
ཁྱོད་ཀྱི་ཞལ་ངོ་སྤྱན་དྲངས། །བཅོ་ལྔའི་ཟླ་བ་དཀར་ཡང་། །
ཁྱོད་ཀྱི་ཞལ་ངོ་བལྟས་ཡོད། །གདོང་ལ་འཛུམ་ལྷོད་བབས་ཡོད། །
གང་ཚེ་བདག་གི་སྲང་ལམ། །རླུང་བུས་སྡོང་ལོ་ཁུར་འགྲོ །
དྲན་པའི་མེ་ལོང་ནང་ལ། །ལུག་ཁྱུ་སྤྲིན་ལ་འདྲིས་པ། །
བརྩེ་བ་ཡན་ལག་དགུ་ལྡན། །དུང་བ་མ་ཕམ་གཡུ་མཚོ། །
ལྷ་སའི་སྐྱིད་ཆུའི་འགྲམ་ནས། །མཉམ་དུ་འདྲིས་པ་བྲིས་ཡོད། །
བདེ་མཆོག་སྒྱུ་མའི་རོལ་མོ། །སེམས་དང་དབྱེར་མེད་འདྲིས་སོང་། །
ཀུན་རྫོབ་སྒྱུ་མའི་ཐང་ཆེན། །སེམས་ལ་རྣམ་རྟོག་མང་བ། །
མ་བཅོས་ངག་གི་མགུར་གླུ། །སྣང་སྟོང་སྒྱུ་མའི་གྲོང་ནས། །
ཁྱོད་ལ་འབུལ་བ་བྱས་ཆོག །ཡིད་འོང་ཚེ་རིང་མེ་ཏོག །
དུས་ཀྱི་འཕོ་འགྱུར་འོག་ནས། །ཡུད་ཙམ་འགུལ་རྒྱུ་བྱུང་བས། །
ཚོར་བའི་ཉིན་སྲིབ་ཀུན་ཏུ། །སྨྲེང་བའི་གླུ་ཆུང་འཐོར་སོང་། །
ཆ་མེད་རི་གྲོང་འདི་ནས། །གཙང་པོ་བྲུག་ནས་རླུང་གཡུག །
རྨི་ལམ་ཟུག་ངུ་འབྱིན་པ། །འཁོར་བའི་གྲོང་གི་སྐྱོ་གར། །
ང་ཡིས་འཁྲབ་དགོས་སྐྱོ་བྱུང་། །ཡིད་ཀྱི་གཏིང་ལ་འཛུལ་བ། །
ཞེན་པའི་ཕྲེང་ཐག་རིང་བ། །མཚན་མོའི་སྨག་རུམ་ཁྲོད་ལ། །
སྙིང་ལ་སྦྲུམ་པའི་ཡིག་འབྲུ། །སྐྱི་སེར་རླུང་གིས་གཤེགས་སོང་། །
སྐྱོ་བའི་སེམས་ངལ་རུམ་ནས། །ཞེ་ལ་སྨྲེང་བ་འཁོར་བྱུང་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1