ཞུ་འཕྲིན་བཀྲ་ཤིས་རྟགས་བརྒྱད་ཀྱི་རེ་ཁཱ་ཚངས་དབྱངས་ངག་གི་གླིང་བུ།

རལ་སྐུད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-09


རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ལྷ་ཡི་མཆོག །

དུས་སྙིགས་འགྲོ་ཁམས་སྐྱོབ་པའི་ཡེ་ཤེས་ལྷ། །

ཡབ་གཅིག་འཇམ་དབྱངས་སྨྲ་བའི་སེང་གེ་ཡིས། །

བྱིན་རླབས་མནྡ་ར་ཡི་ཆར་བསྙིལ་ཞིག །

གསང་གསུམ་ཞལ་ཁ་གྲོལ་བའི་ཟེའུ་འབྲུ་ལ། །

སྐྱེས་བཟང་རིགས་པའི་སྙིང་ཁུ་སྨིན་པ་དང་། །

དགེ་ལེགས་བློ་གྲོས་གཤོག་པའི་འཁྲུལ་འཁོར་གྱིས། །

ལྔ་རིག་ཤེས་བྱའི་ཆུ་གཏེར་ཡངས་པའི་མཚོར། །

བགྲོད་མཁས་སྐལ་བཟང་གྲོགས་ཁྱེད་སྙན་དྲུང་དུ། །

རིག་བྱེད་སྙན་པའི་དོ་ཤལ་མ་བདལ་ཡང་། །

ཚིག་དོན་བབ་ལ་གཞོལ་བའི་ངང་རྒྱུད་ཀྱིས། །

ཞུ་འཕྲིན་ལྷ་རྫས་བཞི་ཟུང་ཕུལ་བ་ལ། །

དབྱངས་ཅན་ངག་གི་རྒྱལ་མོས་བྱིན་རླབས་ཕོབས། །

མཐའ་མེད་འཁོར་བའི་གཏིང་ཟབ་རྒྱ་མཚོ་རུ། །

ཆོས་སྲིད་ཉ་མོ་ཟུང་གིས་གར་བསྒྱུར་བས། །

ལུགས་གཉིས་གསེར་གྱི་སྦྲམ་བུའི་འོད་ཟེར་ལ། །

ཤེས་བརྩོན་རྣོ་སོ་བརྡར་བའི་མཛའ་བའི་གྲོགས། །

འཆི་མེད་ལྷ་ཡི་བུམ་པའི་ལྟོ་བ་རུ། །

ཟག་མེད་བདུད་རྩིའི་སྙིང་ཁུ་སྟེམ་པ་ལ། །

ལོངས་སུ་སྤྱོད་མཁས་རྒྱང་རིང་གྲོགས་ཁྱེད་ཀྱི། །

སྙན་གྲགས་རྔ་གསང་ཐོས་འཛིན་བུ་གར་ལྡང་། །

ཀུན་རྨོངས་བདུད་བཞིའི་གཤེད་དུ་བཞེངས་པའི་སྐུ། །

ཞི་བའི་རི་གྲོང་བསྟེན་པའི་གོ་ཏམ་བུའི། །

སྐྱོན་མེད་པདྨ་དཀར་པོའི་བསྟན་པ་ཡི། །

ཡང་སྙིང་གེ་སར་འཚོལ་བའི་མཛའ་བའི་གྲོགས། །

མི་ཤིགས་མི་འགྱུར་དཔལ་གྱི་བེ་འུ་ཡི། །

བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་ཁུག་པ་ལ། །

དགེ་མཚན་རླུང་རྟའི་རེ་ཁཱ་མངོན་བཀྲ་བའི། །

གྲོགས་ཁྱེད་གཉུག་གཤིས་སེམས་ཀྱི་མདངས་སུ་ཐིམས། །

ངག་རིག་དཔྱིད་དཔལ་འཛུམ་པའི་ལྡིང་ཁང་དུ། །

རྣམ་དཔྱོད་རྩིབ་སྟོང་འཁོར་ལོའི་མྱུར་སྟབས་ཀྱིས། །

ཆགས་སོགས་གནས་མལ་ལོངས་ལ་སྤྱོད་པའི་སྡེའི། །

ཐལ་ངག་དུག་ལྕེ་གཅོད་པའི་སྟོབས་བཅུ་འབར། །

ལྔ་ཟུང་བཅུ་ཕྲག་ནོར་བུའི་སྟེང་ཕྱོགས་ལ། །

རྒྱལ་བསྟན་སྲིད་པའི་གདུགས་དཀར་འདེགས་པའི་གྲོགས། །

ཚ་ཟེར་སྙིགས་མའི་གྲིབ་སོ་ཕོག་པའི་བུར། །

བསིལ་ལྡན་སྟོན་ཀའི་ཉེར་འཚོ་སྩོལ་གྱུར་ཅིག །

འདོད་རྒུའི་དཔལ་སྟེར་དབང་གི་རྒྱལ་པོ་དེ། །

མཁའ་ཡི་སྙེ་མའི་རྒྱན་དུ་མངའ་གསོལ་ཞིང་། །

ལུང་རིགས་དུས་ཀྱི་སྦྲང་ཆར་བསྩལ་བ་ཡིས། །

ཚིག་རྐམ་ཆུ་ཤིང་བོར་བའི་འདུན་པའི་གྲོགས། །

དུས་སྙིགས་སྲིད་པའི་ལ་ལུང་འུར་ཆོམ་གྱིས། །

འགེངས་པར་གྱུར་ཚེ་བཤད་སྒྲུབ་དུང་དཀར་གྱི། །

སྙན་གྲགས་ཕྱོགས་བཅུའི་གྲགས་པ་འབུད་མཁས་པའི། །

སྙིང་དབུས་སྙིང་གི་ཁམས་ཀྱི་བརྩེ་བའི་གྲོགས། །

བསོད་ནམས་ཡོན་གྱིས་ནོམ་པར་དཀའ་བ་ཡི། །

བཀྲ་ཤིས་རི་མོ་བྲིས་པའི་ངག་རྩལ་འདི། །

མི་གཤིས་གཡང་མོ་ལུག་ལས་དཀར་བ་ཡི། །

གྲོགས་ཀྱི་མདུན་སར་ཕུལ་བའི་ཇ་སྐྱེམས་སོ། །

དེ་ལྟའི་ཞུ་འཕྲིན་རྟགས་བརྒྱད་རེ་ཁཱའི་ཚོན། །

དབྱངས་གསལ་དར་དཀར་སྐྱེས་ཀྱིས་དམ་བཅིངས་ཤིང་། །

སྙན་ཚིག་སྲིད་པའི་ཕྱག་རྒྱས་རྒྱ་འཕྱོར་ཏེ། །

དཔག་ཚད་བརྒྱ་ཁྲི་བརྒལ་ཏེ་ཁྱེད་མདུན་ཕུལ། ། 


རྩོམ་ཡིག་སྔོན་མ།
སྙན་ངག་ཚན་པ་ལྔ་།
རྩོམ་ཡིག་རྗེས་མ།
ནམ་མཁའ་ན་སྤྲིན་ཕོན་པོ་ཞིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1