ཕེ་རུ། གནའ་བོའི་ཨིན་ཁ་ཤེས་རིག་གི་ཕ་ས་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06


ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཕེ་རུ་ཞེས་འབོད་པའི་མེ་གླིང་ནུབ་རྒྱུད་ཀྱི་རྒྱལ་ཁབ་འདིའི་ནུབ་ཕྱོགས་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འབྲེལ་ཞིང་། བྱང་ཨེ་ཁོ་དོར་དང་ཁོ་ལོམ་པི་ཡ་དང་མཚེས་མར་བཅར། ཤར་ལྷོ་པོ་ལི་ཝི་ཡ་དང་འདབས་འབྲེལ་དུ་གནས། གནའ་བོའི་ཨིན་རྡུའི་སྐད་ལྟར་ན། ཕེ་རུ་ནི་མ་རྨོས་ལོ་ཏོག་གི་འབྲུ་མཛོད་དུ་འགྲེལ།

དུས་རབས་བཅུ་གཅིག་པར་ཨིན་རྡུའི་མིས་ཁོ་སི་ཁི་གྲོང་ཁྱེར་དཀྱིལ་སྙིང་དུ་བཟུང་ནས་ཨིན་ཁ་བཙན་རྒྱལ་བཙུགས་ཤིང་། དུས་རབས་15ནས་16བའི་དུས་མགོར་མེ་གླིང་དུ་གནའ་བོའི་ཨིན་ཁ་ཤེས་རིག་གི་རྩ་བ་རྒྱས་ཤིང་ཡལ་འདབ་འབུས། ཚིག་ཁུངས་ལྟར་ན་ཨིན་ཁ(Inca)ཞེས་པ་ནི་མགོ་གཙོའམ་རྒྱལ་བོའི་དོན་དུ་འགྲེལ།

ཨིན་ཁ་ཤེས་རིག་དང་མཱ་ཡ་ཤེས་རིག ཨ་སི་ངྷི་ཁི་ཤེས་རིག་གསུམ་ནི་ཨིན་རྡུའི་གནའ་བོའི་ཤེས་རིག་གསུམ་དུ་བགྲངས་ཤིང་། སྐབས་བབ་ཀྱི་གླེང་གཞི་སྟེ། ཨིན་ཁ་ཤེས་རིག་ནི་མེ་གླིང་ལྷོ་མའི་ནུབ་རྒྱུད་དང་ཨན་དྷི་སི་ས་ཁུལ་གྱི་བར་རྒྱུད་དུ་འཕེལ་རྒྱས་བྱུང་བའི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཁྲོད་མིང་དུ་གྲགས་པའི་དཔལ་ཡོན་ཞིག་ཏུ་ངོས་འཛིན། གནའ་དཔྱད་ཆེད་མཁས་པ་དག་གི་དཔྱད་འབྲས་ལྟར་ན། ཨིན་ཁ་ཤེས་རིག་གི་ཁྱབ་ཁོངས་ནི་མེ་གླིང་ལྷོ་མའི་ས་ཁོངས་ཕལ་མོ་ཆེ་དང་། ལ་ཏིང་མེ་གླིང་གི་ས་ཁུལ་ཁ་ཤས་སུའང་ཨིན་ཁ་ཤེས་རིག་གི་ཤུལ་བཞག་རྙེད་ཡོད་པ་རེད། སྤྱི་ལོ་སྔོན་གྱི་ལོ་1000ཡི་བར་དཀྱིལ་དུ་ཅུང་འཕེལ་ཁ་དར་བའི་ཞིང་ལས་རིག་གནས་ཀྱི་རྣམ་པ་གྲུབ་ཡོད་པ་དང་། དེས་ཨིན་ཁ་ཤེས་རིག་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་པར་མ་ཟད། ཆེས་ཐོག་མའི་གྲལ་རིམ་དང་རྒྱལ་ཁབ་ཀྱི་རྣམ་པ་བྱུང་པར་བཞེད། ཨིན་ཁའི་མིས་ཨན་དྷི་སི་རི་ཁུལ་དབང་དུ་བསྡུས་ནས་ཨིན་ཁ་བཙན་རྒྱལ་བཙུགས་པར་བརྟེན། ཨིན་ཁ་ཤེས་རིག་ཅེས་པའི་མིང་གྲུབ་པ་དང་། དུས་རབས་གསུམ་གྱི་སྲིད་འབྱོར་གྱི་འཕོ་འགྱུར་ཁྲོད་རྒྱལ་རབས་བཅུ་གཉིས་ཀྱིས་གནའ་བོའི་ཤེས་རིག་གི་གཤིན་ས་འདིར་རྒྱལ་སྲིད་ལེགས་པར་བསྐྱངས། མེ་གླིང་གི་རོ་མ་ཞེས་པའི་མཚན་སྙན་གསོལ་མྱོང་བའི་ཨིན་ཁ་བཙན་རྒྱལ་ནི་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། བྲལ་གཡོག་བདག་པོ་ལ་རྒྱལ་པོ་དང་སྐུ་དྲག མཐོ་རིམ་དཔོན་པོ། མཆོད་དཔོན་བཅས་འདུས། ཨིན་ཁའི་མི་ནི་ཁི་ཆི་ཡའི་མིའི་རུས་ཚན་དུ་གཏོགས་ཤིང་། ཕེ་རུའི་ལྷོ་རྒྱུད་ཀྱི་མཐོ་སྒང་དུ་རི་དྭགས་རྔོན་གཤོར་ལ་བརྟེན་ནས་འཚོ་ཚིས་ཀྱི་རྒྱུན་བསྐྱངས་པ་རེད།

ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ཨིན་ཁའི་དཔལ་ཡོན་ནི་ཟངས་ཆས་དུས་རབས་ཀྱི་ཤེས་རིག་ཁྲོད་ཡི་གེ་མེད་པའི་ཤེས་རིག་གཅིག་པུར་ངོས་འཛིན་ལ། གནའ་དཔྱད་ལྟར་ན། ཨིན་ཁ་བཙན་རྒྱལ་གྱི་དུས་སྐབས་སུ་ལི་ཆས་དང་གྲི། ཟོར་བ། སྟ་རེ་སོགས་ཀྱི་ཡོ་ཆས་ཐོན་སྐྱེད་ཁྲོད་སྤྱོད་བཞིན་ཡོད་པར་མ་ཟད། བཙོ་སྦྱང་གི་ལག་རྩལ་ཁྱད་དུ་འཕགས་པར་བཞེད། གཞན་འཐུས་ཚང་བའི་ཆུ་བེད་མ་ལག་དང་བཅུད་འཛོམས་པའི་ཆང་བསྙལ་བའི་ལག་རྩལ། ཚགས་དམ་པའི་སྐས་ཞིང་ཐོན་སྐྱེད་སོགས་ཀྱིས་མིའི་རིགས་ཀྱི་ཤེས་རིག་ལ་བཀྲག་མདངས་ལྡན་པའི་ཤོག་ལྷེ་གསར་པ་ཞིག་བསྣན་པའོ། །

ཨིན་ཁའི་མིས་ཐག་མདུད་ལ་བརྟེན་ནས་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་བྱུང་བ་མཚོན་པ་སྟེ། ཐག་པ་གཅིག་གི་སྟེང་དུ་མདུད་པ་མང་པོ་བརྒྱུས་ནས་མདུད་པ་རེ་རེས་གྲངས་ཀ་རེ་མཚོན་ཞིང་། ཁ་དོག་དང་རིང་ཚད་མི་འདྲ་བ་རེ་རེས་རིགས་དང་རྣམ་པར་མཚོན་པར་བྱེད། དེར་ལོ་རྒྱུས་གཏམ་རྒྱུད་དང་ཆོས་ལུགས་ཀྱི་གསང་བ། ངག་རྒྱུན་རྩོམ་རིག་སོགས་ཀྱི་བརྗོད་དོན་ཕུན་སུམ་ཚོགས་པ་འདུས། ཐག་མདུད་ཀྱི་ཐབས་ལམ་འདི་ལ་ཨིན་ཁའི་མིས་ཆི་ཕུ(Khipu)ཞེས་བྱ། ཐག་མདུད་ནི་གཙོ་བོ་རས་སྐུད་དང་། རྔ་མོང་དང་ལུག་གི་བལ་སྐུད་ཀྱིས་གྲུབ་ཅིང་། མིག་སྔར་རྙེད་སོན་བྱུང་བའི་ཐག་མདུད་600ལྷག་ལས་ཕལ་མོ་ཆེ་ནི་སྤྱི་ལོ་སྔོན་གྱི་ལོ་1400ནས་ལོ་1500བར་བྱུང་བ་ཡིན།

ཨིན་ཁའི་མིས་རོལ་དབྱངས་དང་རྩོམ་རིག་སྒྱུ་རྩལ་ཐད་ཀྱང་ཁུར་དུ་ལྕི་བའི་གྲུབ་འབྲས་བླངས་ཡོད་དེ། ཆེད་མཁས་པ་ལ་ལས་ཨིན་ཁའི་རོལ་དབྱངས་ཀྱི་སྒྱུ་རྩལ་ཆུ་ཚད་ཡོ་རོབ་ཀྱི་གནའ་བོའི་དམངས་གླུ་ལ་འགྲན་པར་བཞེད། ཨིན་ཁ་ལ་འཐུས་ཚང་བའི་ཡི་གེ་མེད་པས་རྩོམ་རིག་མང་པོ་ཞིག་ངག་རྒྱུན་དང་ཟློས་གར་གྱི་རྣམ་པར་བརྟེན་ནས་རྒྱུན་འཛིན་བྱས་པ་ཡིན་ཞིང་། དཔའ་བོ་ཨོ་དབྱང་ཐའེ་ཡི་བརྩེ་དུང་གཏམ་རྒྱུད་མཚོན་པའི་ངག་རྒྱུན་སྙན་རྩོམ་རིང་མོ《ཨོ་དབྱང་ཐའེ》ཞེས་པ་ཨན་དྷི་སིའི་ཡུལ་གྲུ་ཡོངས་ལ་ཁྱབ་ཡོད་པ་དང་། རྗེས་མར་ཟློས་གར་དུ་བཅོས་སྒྲིག་བྱས་ཤིང་། འཛམ་གླིང་གནའ་རབས་རྩོམ་རིག་གར་སྟེགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།

ཕེ་རུ་ནི་མི་རིགས་དང་སྐད་རིགས་མང་པོའི་རྒྱལ་ཁབ་ཅིག་སྟེ། འབྲེལ་ཡོད་དཔྱད་གཞི་ལྟར་ན། ཕེ་རུ་ལ་སྐད་རིག་50ལྷག་ཡོད་པ་དང་། དེའི་ཁྲོད་སྐད་རིགས་17ནི་ཨཱ་མ་ཟོན་སྐད་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། དེ་དག་ཀྱང་ཡུལ་སྐད་མི་འདྲ་བ་38ལ་དབྱེ་ཡོད། ཕེ་རུའི་སྐད་རིགས་མི་འདྲ་བ་ཡོངས་ལས་ཁྱབ་རྒྱ་ཆེས་ཆེ་བ་ནི་ཁི་ཆི་ཡཱ་སྐད་དང་ཨེ་མཱ་ལཱ་སྐད་ཡིན།

ཕེ་རུ་ནི་མི་རིགས་སྣ་མང་གི་ཡོལ་གོ་ཞིག་ཏུ་ངོས་འཛིན་ཞིང་། ལ་ཏིང་མེ་གླིང་གི་མི་རིགས་100ལྷག་ལས་མི་རིགས་57ཕེ་རུའི་མངའ་ཁོངས་སུ་འཚོ་ཡོད། དེ་ལས་མི་གྲངས་ཆེས་མང་བའི་མི་རིགས་ནི་ཨིན་རྡུའི་མི་ཡིན་ཞིང་། སི་ཕེན་མི་དང་གཞི་འཛིན་མི་རིགས་ཨིན་རྡུའི་མི་གཉིས་གཉེན་སྡེབ་པ་ལས་ཁྲག་རྒྱུད་འདྲེས་མའི་མད་སི་དྷི་སུའོ་མི་རྒྱུད་བྱུང་བར་གྲགས། གཞན་འདིར་འཚོ་བའི་རྒྱལ་ཁབ་སོ་སོའི་མི་རིགས་མང་ཕྱིན། ཕེ་རུ་ལ་མི་རིགས་མཉམ་འདུས་དང་རིག་གནས་དཀྱེལ་ཡངས་ཀྱི་ཁ་དབུགས་གསར་པ་ཞིག་ཆགས་ཡོད་པ་རེད།

ཕེ་རུའི་གནམ་གཤིས་ལ་སྣ་འཛོམས་རང་བཞིན་གྱི་ཁྱད་ཆོས་ལྡན་པ་སྟེ། ནུབ་ཕྱོགས་མཚོ་རྒྱུད་ས་ཁུལ་བྱེ་ཐང་རྩྭ་ཐང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པས་སྤྱིའི་ཆ་ནས་དྲོད་གྲང་རན་ཞིང་བརླན་ཆེ་བ། ཆར་འབབ་ཚད་ཉུང་བའི་ཁྱད་ཆོས་ལྡན། བྱང་རྒྱུད་ཀྱི་གནམ་གཤིས་ལ་ཚ་བ་ཆེ་བ་དང་ཆར་འབབ་ཚད་མང་བའི་ཁྱད་ཆོས་ལྡན། རི་བོ་ཨིན་རྡུ་སིའི་མཐོ་སྒང་དུ་དབྱར་ཁར་ཆར་ཆུ་མོད་པ་དང་། དྲོད་ཚད་དང་བརླན་ཚད་མཚོ་འཕགས་ཀྱི་མཐོ་ཚད་ལྟར་ཇེ་དམའ་རུ་འགྱུར་བའི་ཁྱད་ཆོས་ལྡན།

གནམ་བདག་ཆོས་ལུགས་ཕེ་རུར་མ་དར་བའི་སྔོན་དུ་ཕེ་རུ་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གདོད་མའི་ཆོས་ལུགས་ཀྱི་སྲོལ་ཡོད་པ་དང་། གདོད་མའི་ཆོས་ལུགས་ཀྱི་རྣམ་པ་གཙོ་བོ་ནི་ཉི་མ་དང་ཟླ་བ། རི་རབ་མཚོ་ཆེན་སོགས་བླ་རུ་བཀུར་བ་དང་ཆོས་ཐམས་ཅད་ལ་རྣམ་ཤེས་ཡོད་པར་སྨྲ་ཞིང་། ལོ་རེའི་དགུན་ཚུགས་པའི་ཉིན་མོར་མཆོད་སྦྱིན་གྱི་ཆོ་ག་རྒྱ་ཆེན་པོ་སྤེལ་བའི་སྲོལ་མཆིས། ཉིན་དེར་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་གདོང་འབག་གྱོན་ནས་དུས་ཡུན་ཉིན་གསུམ་གྱི་རིང་ལ་ཞོགས་པའི་ཉི་ཟེར་ལ་མཆོད་འབུལ་དང་ཉི་མའི་བྲོ་འཁྲབ་ནས་ཉི་མར་དད་གུས་མཚོན་པར་བྱེད། གནའ་བོའི་ཨིན་ཁའི་ཆོས་ལུགས་ཀྱི་དགོངས་དོན་ལྟར་ན། ཉི་མ་ནི་ཆེས་མཆོག་གྱུར་གྱི་མཆོད་ཡུལ་ཡིན་པ་དང་། རྒྱལ་རབས་སོ་སོའི་རྒྱལ་བོ་རྣམས་ཀྱང་ཉི་མའི་གདུང་རྒྱུད་འཁྲུལ་མེད་དུ་ངོས་འཛིན་ནོ། །

འབྲེལ་ཡོད་དཔྱད་གཞི་ལྟར་ན། ཕེ་རུ་ནི་འཛམ་གླིང་ཞིང་ལས་ཤེས་རིག་གི་འབྱུང་ཁུངས་སུ་ངོས་འཛིན་པ་དང་། མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་ཀྱི་ལོ་ཏོག་གནས་དེའི་ཨིན་རྡུའི་མིས་ལོ་ངོ་སྟོང་ཕྲག་དུ་མའི་གོང་དུ་འདེབས་གསོ་བྱས་པར་གྲགས།

མཱ་ཆི་བྷ་ཆི་ནི་ཕེ་རུའི་གནའ་བོའི་ཨིན་ཁ་བཙན་རྒྱལ་གྱི་མིང་དུ་གྲགས་པའི་མཁར་རྫོང་ཞིག་ཡིན་ཞིང་། དུས་རབས་བཅོ་ལྔ་པར་བསྐྲུན་པའི་གནའ་བོའི་མཁར་རྫོང་འདིའི་བཀོད་པ་ཚགས་དམ་ཞིང་མཁར་རྫོང་ཡོངས་འཛེང་རྡོས་བསྐྲུན་པས་སྲ་འཐས་ཤིང་བརྗིད་ཉམས་ཀྱིས་ཕྱུག ཉེ་འཁོར་དུ་ཐེམ་ཞིང་མང་པོ་ཡོད་པས་རྒྱང་ནས་བལྟས་ན་བརྩེགས་རིམ་གསལ་ཞིང་རྔམ་བརྗིད་ལྡན། དེ་ལྟ་བུའི་ཤེས་རིག་དང་རང་བྱུང་གི་མཉམ་འདུས་ཀྱི་བཀོད་པས་འཛམ་གླིང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དང་བ་དྲངས་ཡོད། ཨིན་ཁའི་སྐད་དུ་མཱ་ཆི་བྷ་ཆི་ནི་གནའ་བོའི་རི་རྩེ་ཞེས་པར་འགྲེལ་ཞིང་། གཡང་གཟར་གྱི་བྲག་རིའི་ཟོམ་དུ་བརྗིད་ཉམས་ཀྱིས་འགྱིང་པའི་གྲོང་ཁྱེར་འདིས་གནའ་བོའི་ཨིན་ཁ་མི་རིགས་ཀྱི་ལོ་རྒྱུས་ཀྱི་དྲན་པ་སྦྲུམ་ཡོད་ངེས། གནས་འདིའི་བཟོ་བཀོད་རྣམས་རྡོ་བས་བསྐྲུན་པས་རྡོ་བའི་གྲོང་ཁྱེར་ཞེས་ཀྱང་འབོད་ལ། ཚགས་ཞིབ་མོའི་ཇུས་འགོད་དང་སྤུས་ལེགས་པའི་བཟོ་སྐྲུན། ངོས་འཇམ་ཞིང་གཏོས་ཆེ་བའི་རྡོས་བསྐྲུན་པའི་ལྷ་ཁང་དག་གིས་གསང་བར་གྱུར་བའི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་མཚོན་ཡོད་དོ། །

ཕེ་རུའི་ལྷོ་རྒྱུད་ཀྱི་ནཱ་སི་ཁ་མཐོ་སྒང་ནི་ཆར་ཆུ་དཀོན་ཞིང་ས་གཤིན་ཞན་པའི་ས་ཁུལ་ཞིག་ཡིན། ནཱ་སི་ཁ་རི་སུལ་དུ་གཏིང་ཚད་ལ་སྨི་10ནས་15ཡོད་ཅིང་ཞེང་ཚད་མི་མཚུངས་པའི་རི་མོ་མང་པོ་མཆིས་པ་སྟེ། རི་མོའི་ནང་དོན་གཙོ་བོ་ལ་ཉའི་རིགས་དང་རྒོད། སྡོམ། མེ་ཏོག རྩངས་པ། ལྗོན་ཤིང་། སྤྲེའུ། མི་སོགས་ཡོད་པ་དང་། ས་རིས་དེ་དག་མཐོངས་ཡངས་ས་ནས་ཟུར་ཚད་ངེས་ཅན་ལྟར་བལྟས་ན་ད་གཟོད་མཐོང་ཡུལ་དུ་མངོན་ཞིང་། ལྷག་དོན་ནུབ་ཁའི་ཉི་འོད་འོག་སྐྱ་རིས་དག་གསལ་བོར་མངོན། ཚན་རིག་པས་དཔྱད་པ་ལྟར་ན། ནཱ་སི་ཁའི་ས་རིས་སུ་དུས་ཚིགས་བཞིའི་འགྱུར་ལྡོག་བཀོད་པ་དང་། ཉི་མའི་ཁྱིམ་རྒྱུད་ཀྱི་འཁོར་སྐར་དག་དེ་འབྲེལ་གྱི་ཐིག་དང་ཟུར་གསུམ་དབྱིབས་ཀྱིས་མཚོན་ཞིང་། ས་རིས་དེ་དག་ལས་སའི་གོ་ལ་ཕྱེད་ལྷོ་མའི་འཁོར་སྐར་མང་པོ་རྙེད་ཐུབ་པར་བཞེད།

ཆིན་ཁྲ་གླིང་ཚོམ་ནི་ཕེ་རུའི་མཚོ་རྒྱུད་ཀྱི་བྱ་རིགས་མང་པོ་འདུས་སྡོད་ཀྱི་བསྟི་གནས་ཆེན་པོ་ཞིག་ཡིན་ཞིང་། ཚོམ་བུར་བརྡལ་བའི་བྱ་རྟུག་གིས་གླིང་ཚོམ་འདི་མཛེས་པར་བརྒྱན་ཡོད་པར་མ་ཟད། བྱ་རྟུག་གི་ལས་རིགས་དེའང་ཕེ་རུའི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་ཁྱད་ཆོས་ལྡན་པའི་ལས་སྒོ་ཞིག་ཏུ་གྱུར་ཡོད་པ་རེད།

གྲོང་ཁྱེར་ཁོ་སི་ཁི་ནི་གནའ་བོའི་ཨིན་ཁ་བཙན་རྒྱལ་གྱི་རྒྱལ་ས་ཡིན་ཞིང་། འདིར་གནའ་བོའི་ཨིན་ཁ་ཤེས་རིག་གི་ཤུལ་བཞག་མང་པོ་ཡོད་པར་པས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ་ཡོད། ཁི་ཆི་ཡཱའི་སྐད་ལྟར་ན། ཁོ་སི་ཁི་ནི་འཛམ་གླིང་གི་ལྟེ་གནས་སུ་འགྲེལ་ལ། ཕེ་རུའི་མིས་ཨན་ངྷི་སི་རི་བོའི་གཤོང་སར་ཆགས་པའི་གྲོང་ཁྱེར་འདི་ལ་ཨན་ངྷི་སི་རི་བོའི་ཏོག་རྒྱན་ཞེས་བསྔགས། ། 


རྩོམ་ཡིག་རྗེས་མ།
18

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1