མཁའ་བར་སྣང་སྟོང་པའི་བྱ་ལམ་ན་། “བྱ་རྒོད་པོས་”ནམ་འཕང་གཅོད་འདྲ་རེད་།

ལེ་ཚན་འདིའི་རྩོམ་སྒྲིག་འགན་ཁུར་པ། རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-06



རླབས་ཆེན་གྱི་དུས་རབས་ལ་རླབས་ཆེན་གྱི་ལས་གཞི་སྒྲུབ་ཅིང་། སི་ཁྲོན་ཞིང་ཆེན་གྱི་སྤྱི་ལེ་གྲུ་བཞི་མ་ཁྲི་48.6ཡི་ས་གཞིའི་སྟེང་དུ་རྒྱལ་སྤྱིའི་གནམ་ཐང་དང་འཇིག་རྟེན་ཐིགས་བརྟག་དཔྱད་ས་ཚིགས་སོགས་འཛམ་གླིང་རང་བཞིན་གྱི་སྔོན་ཐོན་ལས་གཞི་གང་མང་བཟོ་བསྐྲུན་བྱེད་སྒང་ཡིན་ལ། ལས་གཞི་འདི་དག་གིས་རང་རེའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མཚོན་ཐུབ་པར་མ་ཟད། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དེ་བས་མྱུར་བ་མཚོན་ཐུབ།


2015ལོའི་སྤྱི་ཟླ་དང་པོའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་གཉིས་ཀྱིས་དངོས་སུ་ཡིག་ཆ་བཏང་ནས་ཁྲེན་ཏུའུ་གནམ་ཐང་གསར་པ་འཛུགས་སྐྲུན་བྱེད་རྒྱུར་འཐད་པ་བྱུང་། གནམ་ཐང་དེ་ས་ཁོངས་ལྟེ་བའི་རང་བཞིན་གྱི་གནམ་ཐང་ཡིན་ལ། གནམ་ཐང་འཛུགས་ཡུལ་དེ་ཁྲེན་ཏུའུ་ཐེན་ཧྥུའུ་ཆུས་གསར་གྱི་ལུའུ་ཧྭ་གྲོང་རྡལ་དུ་ཡོད། ཐེངས་འདིའི་གནམ་ཐང་གི་ལས་གཞི་ཡིས་2020ལོ་ལ་འཕུར་སྐྱོད་མི་ཐེངས་ཁྲི་4000དང་། ཅ་དངོས་སྦྲགས་སྐུར་ཏུན་ཁྲི་70དང་། གནམ་གྲུ་འཕུར་འབབ་ཐེངས་གྲངས་ཁྲི་32གྱི་དམིགས་འབེན་ལྟར་འཆར་གཞི་བཀོད་པ་ཡིན་ལ། འཕུར་ལམ་གསར་པ་གསུམ་བཟོས་ཡོད་ལ། གནམ་ཐང་གཞི་ནས་འགྲུབ་རྗེས། ཁྲེན་ཏུའུ་གྲོང་ཁྱེར་འདི་པེ་ཅིན་དང་ཧྲང་ཧེའི་རྗེས་ཀྱི་རྒྱལ་ནང་གི་གནམ་ཐང་གཉིས་ཡོད་པའི་གྲོང་ཁྱེར་དུ་གྱུར་བ་རེད།

གནམ་ཐང་གི་འཕུར་སྐྱོད་ཁུལ་གྱི་ཚད་ཐིགས་དེ་4Fཡིན་ལ། འཕུར་ལམ་གསུམ་ལས་གཞན་ད་དུང་སྨི་གྲུ་བཞི་མ་ཁྲི་52ཅན་གྱི་མཁའ་འགྲུལ་ཐོག་ཁང་དང་གནམ་གྲུ་འདུག་གནས་157དང་། སྨི་གྲུ་བཞི་མ་ཁྲི་5.9ཅན་གྱི་དངོས་ཟོག་སྐྱེལ་འདྲེན་ས་ཚིགས་སོགས་ཡོད་ལ། དེ་མིན་བརྡ་འཕྲིན་དང་ཕྱོགས་སྟོན། ལྟ་ཞིབ། གནམ་གཤིས་སོགས་ཀྱི་སྒྲིག་ཆས་ཡོད། གནམ་ཐང་གསར་པའི་མཁའ་འགྲུལ་ཐོག་ཁང་གི་གཞི་རྒྱ་དེ་དེང་སང་གི་ཧྲའང་ལོའུ་རྒྱལ་སྤྱིའི་གནམ་ཐང་གི་T2མཁའ་འགྲུལ་ཐོག་གི་ལྡབ་1.8ཡིན། རྒྱལ་ནང་གི་གནམ་ཐང་འཛུགས་སྐྲུན་འཆར་འགོད་གསར་པའི་ཁྲོད་ནས། ཁྲེན་ཏུའུ་ཡི་གནམ་ཐང་འདི་ནས་པེ་ཅིན་གྱི་གནམ་ཐང་གསར་པ་ལས་གཞི་རྒྱ་ཅུང་ཆུང་ཞིང་།
ཁྲེན་ཏུའུ་གནམ་ཐང་གསར་པའི་སྤྱིའི་མ་འཇོག་སྒོར་དུང་ཕྱུར་692.63ཡིན་ལ། དེའི་ཁྲོད་ནས་གནམ་ཐང་བཟོ་སྐྲུན་གྱི་སྐོར་ལ་སྒོར་དུང་ཕྱུར་475.5དང་མཁའ་འཕུར་དོ་དམ་གྱི་བཟོ་སྐྲུན་སྐོར་ལ་སྒོར་དུང་ཕྱུར་29.04བཏང་ཡོད་ལ། སྣུམ་མཁོ་སྤྲོད་ཀྱི་བཟོ་སྐྲུན་ལ་སྒོར་དུང་ཕྱུར་13.93དང་མཁའ་འགྲུལ་སྤྱི་གཉེར་ཁང་གི་རྟེན་གཞིའི་བཟོ་སྐྲུན་ལ་སྒོར་དུང་ཕྱུར་174.16བཏང་ཡོད།

ཁྲེན་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི་འཆར་འགོད་ཁྲོད་ནས་རང་རྒྱལ་གྱི་ཆེས་ཆེ་བའི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་རྣམ་གྲངས་ཡིན་ལ། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱི་ལ་ཁ་ཕྱོགས་པའི་འཁོར་རྒྱུགས་ས་གནས་གཙོ་གྲས་ཡིན། སི་ཁྲོན་དང་ནུབ་ཕྱོགས་ས་ཁུལ་གྱི་གསར་སྤེལ་སྒོ་འབྱེད་ཀྱི་ནུས་ཤུགས་གསར་པའི་འགན་ཁུར་ཡོད། དེའི་ཁྲོད་ནས་མྱུར་བགྲོད་མེ་འཁོར་དང་གནམ་གྲུ་མཉམ་དུ་རྒྱུགས་པའི་འཆར་འགོད་དེ་རྒྱལ་ཡོངས་ལ་མཚོན་ན་ཐོག་དང་པོ་ཡིན། ཉིན་ཞག་1200ལྷག་གི་ནང་ལ་མི་ཐེངས་ཁྲི་བརྒྱ་ལྷག་གིས་ཧུར་ཐག་འབད་འབུངས་བརྒྱུད་ནས་གནམ་ཐང་གི་ཐོག་མའི་རྣམ་པ་ཞིག་ཕྱི་ལ་མངོན་འདུག སི་ཁྲོན་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་མི་སྣས་བཤད་པ་ལྟར་ན། གནམ་ཐང་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྐོར་ལ་2007ལོ་ནས་འཆར་གཞི་བཀོད་པ་ཡིན་ལ། འོན་ཀྱང་དེའི་སྐོར་གྱི་ལས་ཀ་དངོས་སུ་ལག་བསྟར་བྱས་པ་ནི་2011ལོའི་ཟླ་5པ་ནས་འགོ་བརྩམས་པ་རེད། ཐོག་མའི་དུས་སུ་གནམ་ཐང་གསར་པ་འཛུགས་སྐྲུན་བྱེད་གནས་9བདམས་མོད། ཆེས་མཇུག་མཐར་ད་ལྟའི་ལུའུ་ཞྭ་གྲོལ་རྡལ་གཏན་འཁེལ་བྱས་པ་རེད།

གནམ་ཐང་གསར་པ་དང་ཧྲང་ལིའོ་གནམ་ཐང་གི་བར་དུ་སྤྱི་ལེ་50ཡས་མས་ཡོད་ལ། གནམ་ཐང་གཉིས་ཀྱི་བར་དུ་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་བྱ་རྒྱུ་ཡིན། འཆར་གཞིའི་ཁྲོད་དུ་ཁྲེན་ཡུས་མྱུར་བགྲོད་མེ་འཁོར་དང་ཁྲེན་ཏུའུ་ས་འོག་མེ་འཁོར་ཨང་རྟགས་18པ། ཁྲེན་ཏུའུ་ས་འོག་མེ་འཁོར་ཨང་རྟགས་19པ། ཁྲེན་ཏུའུ་ས་འོག་མེ་འཁོར་ཨང་རྟགས་20པ། མྱུར་བགྲོད་གཞུང་ལམ་དང་མྱུར་མགྱོགས་བགྲོད་ལམ་བཅས་ཡོད་པས། ཁྱེད་ཀྱིས་འགྲིམ་འགྲུལ་ཡོ་ཆས་གང་ལ་བརྟེན་ན་ཡང་ཁྲེན་ཏུའུ་གྲོང་དཀྱིལ་ནས་གནམ་ཐང་བར་དུ་ཆུ་ཚོད་ཕྱེད་ཀྱི་ནང་དུ་ཐོན་ཐུབ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1