1 མིག་སྔར་འཛམ་གླིང་སྟེང་དུ་ཨེ་ཛིའི་ནད་པར་སྨན་བཅོས་བྱེད་པའི་ནུས་ལྡན་སྨན་རྫས་ཤིག་མེད་ནའང་ནད་དུག་ཚོད་འཛིན་བྱེདཔའི་སྨན་རྫས་དང་། རིམས་ཐར་ནུས་ཤུགས་འདེགས་སྨན། ཨེ་ཛིའི་ནད་ཀྱི་སྐྱོན་ལས་བྱུང་བའི་ནད་རིགས་གཞན་པ་དག་ལ་སོ་སོར་ཁ་གཏད་ཀྱིས་གསོ་བཅོས་བྱེད་ཐབས་ཡོད་པས་འདིར་རེ་རེ་བཞིན་བྲིས་མེད་དེ། སྨན་པ་དང་སྨན་ཁང་མཛུབ་སྟོན་ལྟར་སྨན་རྫས་བཀོལ་སྤྱོད་བྱེད་དགོས་པ་ལས་གང་འདོད་ཀྱིས་སྨན་རྫས་བཀོལ་སྤྱོད་བྱས་ན་ཕན་པ་ལས་གནོད་པ་ཆེ་བའང་འགྱུར་སྲིད་དོ།།
2 ནད་འདིས་མིའི་སེམས་ཁམས་ལ་ཕོག་ཐུག་ཐེབས་ཚད་བརྒྱ་ཆའི་80དང་ལུས་ཕུང་ལ་གནོད་འཚེ་ཐེབས་ཚད་བརྒྱ་ཆའི་20ཡིན་པས། སེམས་ཁམས་ལ་ཕོག་ཐུག་བཟོས་པ་མ་བཟོད་པར་ཚེ་སྲོག་ཤོར་སོང་བའི་ནད་པ་བརྒྱ་ཆའི་50ཡན་ལ་སླེབས་ཡོད་པ་དེ་དེ་སྔའི་ལག་ལེན་ཁྲོས་ར་སྤྲོད་བྱུང་ཡོད་དེ། ཨེ་ཛིའི་ནད་པར་གསོ་བཅོས་བྱེད་དགོས་ཚེ། ཐོག་མར་སེམས་ཁམས་གསོ་བཅོས་ཀྱི་ཐབས་ཤེས་འཐེན་རྒྱུ་ཧ་ཅང་གལ་ཆེན་ཡིན། ནང་པ་སངས་རྒྱས་པས་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན་ཞེས་བསྟན་ཡོད་པ་ལྟར་གང་ཟག་ཐམས་ཅད་ཀྱིས་རྒྱུད་ལ་སྙིང་རྗེའི་བསམ་པ་བཟང་བོ་རེ་འཆིང་ནས་ནད་པ་རྣམས་ལ་འཚོ་བའི་ཁོར་ཡུག་ལེགས་པོར་སྐྲུན་རྒྱུ་དང་། སེམས་ཁམས་གསོ་བ་དང་དཔལ་འབྱོར་གྱི་རོགས་རམ་བྱས་ཏེ་ནད་རིམས་ལ་འཐབ་རྩོད་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་སྐུལ་མ་བཏང་ཚེ་དེ་ནི་སྨན་གསོ་བྱས་པ་ལས་ལྡབ་འགྱུར་གྱིས་ཕན་ངེས་སོ།།
3 ཡུན་ནན་ཞིང་ཆེན་ཞི་ཧྲང་པན་ན་ཁུལ་གྱི་སངས་རྒྱས་འོད་ཁྱིམ་ཚོགས་པའི་ཉམས་མྱོང་ལྟར་ན་མི་རྣམས་ལ་ནད་འདིས་ཐེབས་ནས་ཅི་བྱ་གཏོལ་མེད་དུ་གྱུར་འདུག་པའི་སྐབས་སུ་ནང་པ་སངས་རྒྱས་ཀྱི་བླ་མ་དག་དང་དགེ་འདུན་པ་རྣམས་ཀྱིས་ལས་རྒྱུ་འབྲས་དང་། དགེ་བ་བཅུ། ཕར་ཕྱིན་དྲུག བདེན་པ་བཞི་སོགས་ཀྱི་ཆོས་བཤད་གནང་སྟེ། དགེ་སྒྲུབ་ཚོགས་བསགས་དང་སྒྲུབ་པ་ཉམས་ལེན་བྱེད་པར་བསྐུལ་ནའང་ཕན་ནུས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བྱུང་དང་འབྱུང་བཞིན་འདུག་པ་མིག་མཐོང་ལག་ཟིན་ཡིན་པས་དེའི་ཕྱོགས་འབད་རྒྱུ་ཧ་ཅང་གལ་ཆེའོ།།