ཉི་ཤར་ཤང་གི་སྒང་ཆུ་དྭངས་མོའི་ངོས་སུ་དགུན་དུས་ཀྱི་དྲོད་འཇམ་ཉི་འོད་འཕྲོ་ཤིང་། བློ་བཟང་སྒྲོལ་མས་རང་ཁྱིམ་དུ་ཤིང་ཕོར་ལ་ཐིག་རྒྱག་བཞིན་པ་དང་། གསེར་མདོག་གི་ཤིང་ཕོར་ནི་ཁོ་མོའི་ལག་ནས་འོད་འཚེར་བཞིན་འདུག
ལོ་50ལ་སླེབས་པའི་བློ་བཟང་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་མི་ཞིག་རེད། ཡུལ་དེར་ཤིང་ཕོར་བཟོ་བའི་སྲོལ་རྒྱུན་ཡོད་ཅིང་། ཁོ་མོ་ལོ་18་ནས་བཟུང་ཨ་མྱེ་ནས་བོད་ཀྱི་ཤིང་ཕོར་བཟོ་བའི་ལག་རྩལ་སྦྱངས་པ་རེད། ད་ཆར་ཤིང་ཕོར་བཟོ་མཁན་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་རྒྱུན་འཛིན་པ་ཞིག་ཏུ་གྱུར་ཡོད།
བདེ་ཆེན་ཁུལ་དུ་ཤིང་ཕོར་བཟོ་རྩལ་གྱི་ལོ་རྒྱུས་ནི་ལོ་ངོ་ཆིག་སྟོང་ཡར་སྔོན་དུ་དེད་ཆོག་ཀྱང་། འདས་ཟིན་པའི་ལོ་ཟླའི་ནང་འདི་ནི་སྤྱི་བཏང་གི་སྣོད་ཆས་ཤིག་སྟེ། རང་ཁྱིམ་དུ་བཟོས་ཤིང་རང་ཉིད་ཀྱིས་བེད་སྤྱོད་རྒྱུ་ཡིན་པས། ལྷག་མ་བྱུང་ན་ད་གཟོད་ཕྱི་ལ་བཙོངས་རྒྱུ་ཙམ་ཡིན།
“རིན་གོང་དམའ་ཞིང་། ཚོང་ལམ་དཀོན།”གྲོང་ཚོ་གཅིག་པའི་ཝང་ཡིའུ་ཀུའེ་ནི་ད་ལོ་ལོ་68རེད། ཤིང་ཕོར་ཕྱིར་འཚོང་ཆེད། སྔོན་ཆད་ཁོང་འདྲུད་འཐེན་འཁོར་ལོ་ལ་བསྡད་ནས་བོད་ལྗོངས་སུ་འགྲོ་མྱོང་། སྔོན་ཆད་འཚོ་བའི་ཆེད་དུ་གྲོང་ཚོའི་ནང་གི་ལོ་ཆུང་མང་པོ་ཕྱི་ཕྱོགས་སུ་ལས་ཀར་ཕྱིན།
སྔོན་མར་བདེ་སྐྱིད་གྲོང་ཚོ་ནི་དབུལ་ཕོངས་གྲོང་ཚོ་ཞིག་རེད། ཤིང་ཕོར་ཐོན་ལས་དར་སྤེལ་དང་མཚམས་སྦྱོར་ཤུགས་ཆེན་བཏང་རྗེས། ཤིང་ཕོར་ནི་གྲོང་ཚོ་དབུལ་སྐྱོར་གྱི་སྲོག་ཤིང་ཐོན་ལས་སུ་གྱུར་བ་དང་། 2018ལོར་བདེ་སྐྱིད་གྲོང་ཚོ་ནི་དངོས་སུ་དབུལ་སྒྲོལ་མངོན་འགྱུར་བྱུང་། ད་ལོ་ནས་བཟུང་གྲོང་ཚོས་དབུལ་སྒྲོལ་གྲུབ་འབྲས་ཇེ་བརྟན་དུ་གཏོང་བའི་དུས་མཚུངས་སུ་ཤིང་ཕོར་ཐོན་ལས་རྒྱུན་ཆད་མེད་པར་ཇེ་རྒྱས་སུ་བཏང་སྟེ། ཐོན་ལས་དར་རྒྱས་དངོས་སུ་མངོན་འགྱུར་ཡོང་ཆེད་རྨང་གཞི་བཏིང་ཡོད།
ཤིང་ཕོར་ནི་བདེ་སྐྱིད་གྲོང་ཚོའི་འཕེལ་རྒྱས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་ལ། ཐག་རིང་ལུང་ཁུག་གི་རི་གྲོང་ཆུང་ཆུང་དེ་ཡུལ་སྐོར་བྱེད་གནས་གྲགས་ཅན་ཞིག་ཏུ་གྱུར་ཡོད། “ད་ལྟར་ཤིང་ཕོར་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཅིང་། ཕོར་བ་ཡག་པོ་བཟོ་ཐུབ་མིན་གྱི་སེམས་ཁྲལ་ལས་ཁྲོམ་ར་ལ་སེམས་ཁུར་མི་དགོས། ”ཞེས་བློ་བཟང་སྒྲོལ་མས་བཤད། ཁོ་མོས་ལོ་གཅིག་ལ་ཤིང་ཕོར་70བཟོ་བཞིན་ཡོད་ཅིང་། ཁྱིམ་ནང་དུ་སློབ་གྲྭར་འགྲོ་བའི་བུ་མོས་ཀྱང་བཟོ་རྩལ་ཤེས་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་ནང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྐུ་མགྲོན་རྣམས་ལ་བཟོ་སྟངས་ཀྱི་གོ་རིམ་དང་། ཕོར་བའི་ངོས་ཀྱི་རི་མོའི་ནང་དོན་འགྲེལ་བཤད་བྱ་རྒྱུ་ནི་ཁོ་མོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
ཝང་ཡིའུ་ཀུའེ་ཡང་དེ་ལྟར་བཞིན་ནོ།། ཁོས་ཁྱིམ་གྱི་སྒོ་ཁ་ནས་ཤིང་ཕོར་འཚོང་ཞིང་། ལུས་འགྲམ་ལ་སྐད་འཕྲིན་གྱི་དངུལ་ལེན་པའི་ཨང་གྲངས་བཀལ་ཡོད། ད་ལྟ་ས་ཁུལ་གཞན་དུ་ཚོང་ལ་འགྲོ་དགོས་ཀྱི་མེད། ཁོའི་བུ་ཆུང་གིས་ཀྱང་བློ་རྩེ་གཅིག་སྒྲིམ་གྱིས་ཤིང་ཕོར་བཟོ་བཞིན་ཡོད་པ་དང་། འཚོ་བ་ནི་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་གྱུར་བས། ལོ་རེར་ཤིང་ཕོར་གྱི་ཡོང་འབབ་སྒོར་ཁྲི་10ཟིན་ཡོད།
“ཤིང་ཕོར་ནང་ང་ཚོའི་རིག་གནས་ཀྱི་རྒྱུ་རྐྱེན་འདུས་ཡོད། ”བདེ་ཆེན་ཁུལ་དངོས་མིན་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲོའུ་ཅུན་གྱིས། སྔོན་ཆད་བདེ་སྐྱིད་གྲོང་ཚོ་ནི་ཇ་རྟའི་གནའ་ལམ་གྱི་ས་ཚུགས་ཤིག་ཡིན་ལ། ཕྱི་ཕྱོགས་སུ་འགྲོ་འོང་ཇེ་མང་དུ་གྱུར་བ་དང་། ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་དང་བསྟུན་ནས། 2013ལོར་ཤིང་ཕོར་བཟོ་བའི་ལག་རྩལ་འདི་ཡུན་ནན་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་རྒྱུན་འཛིན་རྣམ་གྲངས་ཀྱི་མིང་ཐོར་བཀོད་པ་རེད། དངོས་མིན་རིག་གནས་རྒྱུན་འཛིན་པར་གྲོན་དངུལ་གྱི་རྒྱབ་སྐྱོར་ཡོད་ཅིང་། རྣམ་གྲངས་ཀྱི་འབྲེལ་བ་བརྒྱུད་ནས་ཕྱི་ཕྱོགས་སུ་སྤེལ་རེས་ཀྱང་ཕྱིན་པ་རེད་ཟེར།