དར་རི་རྫོང་གིས་བཞེངས་པའི་མཁར་སེང་འབྲུག་སྟག་རྩེ།
达日县修建的狮龙宫
གཅིག གེ་སར་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་སྔོག་འདོན་སྔར་ལས་ལྷག་པ་བྱས་ནས་གེ་སར་རིག་གནས་ཀྱི་མཚོན་རྟགས་གཏོད་རྒྱུར་ནུས་འབྲས་ཆེན་པོ་ཐོན་པ།
ཁམས་ཁུལ་གྱི་གེ་སར་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱ་རྒྱུ་དེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏང་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེ་བར་མཐོང་ཞིང་། རིག་གནས་བྱ་གཞག་གམ་ཡང་ན་རིག་གནས་ཐོན་ལས་གང་ཞིག་ཡིན་རུང་རིག་གནས་ཐོན་ཁུངས་ཀྱི་རིན་ཐང་ཆེ་ཤོས་མངོན་ཐུབ་པ་བྱས་ཚེ་གཞི་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྐྱོན་བྲལ་དང་། རྒྱུན་མཐུད་ཀྱིས་གོང་འཕེལ་འགྲོ་ཐུབ་པ་ཞིག་རེད། དེར་བརྟེན། ཐེངས་འདིའི་གླིང་གེ་སར་གྱི་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་དེ་ས་ཁོངས་བརྒལ་བའི་ཐོག་ནས་སྤེལ་བ་ནི་འབྲེལ་ཡོད་ས་གནས་ཀྱིས་ཕུན་སུམ་ཚོགས་པའི་གེ་སར་རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱ་རྒྱུར་དོན་སྙིང་ཆེན་པོ་ལྡན་པའི་ཚོད་ལྟ་ཞིག་ཡིན་ཞེས་བརྗོད་ཆོག །ད་ཐེངས་རྟོག་ཞིབ་བྱེད་སྒོའི་རིང་འདིས་སྔ་ཕྱིར་མཚོ་སྔོན་མགོ་ལོག་དང་། ཡུལ་ཤུལ་དེ་བཞིན་སྡེ་དགེ་བཅས་སུ་ཆེད་མཁས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་ཙམ་འཚོགས་པ་དང་། བཞུགས་མོལ་ཚོགས་འདུའི་ཆེད་མཁས་རྣམ་པས་རང་རང་སོ་སོའི་མྱོང་ཚོར་དངོས་ཀྱི་ཐོག་ནས་དྲན་ཚོར་དང་གྲོས་འཆར་མང་པོ་གསུངས་ཡོད། ཆེད་མཁས་རྣམ་པས་ཐེངས་འདིའི་གེ་སར་ཞབས་རྗེས་འཚོལ་ཞིབ་བྱེད་སྒོ་འདི་འདྲ་ཞིག་སྤེལ་བའི་ཐོག་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གོང་སྤེལ་གཏང་རྒྱུར་མཐོང་ཆེན་གནང་བ་གང་ལེགས་མངོན་པའི་ངོས་འཛིན་གཅིག་གྱུར་གནང་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་སོགས་སྡེ་འབྲེལ་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་ནས་གེ་སར་རིག་གནས་ཐད་སྔར་ན་མེད་པའི་མཐོང་ཆེན་བྱེད་པ་དང་མ་དངུལ་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་གནས་ཚུལ་ཡང་མཐོང་ཡོད། དཔེར་ན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་མུ་འབྲེལ་གེ་སར་རིག་གནས་བརྩམ་བྱའི་ལས་གཞི་ལག་བསྟར་བྱས་པ་མ་ཟད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གལ་ཆེའི་རིག་གནས་ལས་གཞི་གེ་སར་རྣམ་གྲངས་ཀྱི་ལོ་ལྔའི་ལག་བསྟར་ཇུས་གཞི་བཟོས་པ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་བཞི་ཙམ་བཏང་ནས་གླིང་གེ་སར་རྒྱལ་པོའི་ཕོ་བྲང་སེང་འབྲུག་སྟག་རྩེ་རྫོང་གསར་བཞེངས་མཛད་པ། དཀར་མཛེས་རྫོང་གིས་སྒོར་དུང་ཕྱུར་6.3ཙམ་བཏང་ནས་བཞེངས་པའི་གེ་སར་་ཁར་གྲོང་སོགས་གང་སར་གེ་སར་རིག་གནས་ཀྱི་མཚོན་རྟགས་ཡོད་པ་དང་། གེ་སར་རིག་གནས་ཀྱི་སྣང་ཚུལ་མཐོང་རྒྱུ་ཡོད་པ་རེད།
རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་ཕྱོགས་བསྡོམས་གནང་བཞིན་པ།
全国格办副主任甲央齐珍总结讲话
གཉིས། གེ་སར་རིག་གནས་ཐོན་ཁུངས་དང་ས་གནས་དེ་གའི་ཡུལ་སྐོར་ཐོན་ལས་ཟུང་འབྲེལ་བྱ་དགོས་པ།
རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་པ་དང་། ཡུལ་སྐོར་ནི་རིག་གནས་ཀྱི་འདྲེན་བྱེད་དངོས་པོ་ལྟ་བུ་ཡིན། འབྲེལ་ཡོད་ཆེད་མཁས་རྣམ་པས་སི་ཁྲོན་དཀར་མཛེས་ཁུལ་དང་ཁྱད་པར་དུ་གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ་ནས་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་སྔོག་འདོན་དང་རྒྱུན་འཛིན་བྱ་རྒྱུའི་ཐད་དགོངས་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད་དེ། དཔེར་ན་གེ་སར་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་བཟོས་ནས་གེ་སར་རིག་གནས་རྗེས་ཤུལ་ལྗོངས་རྒྱུ་དང་། གེ་སར་རིག་གནས་རྗེས་ཤུལ་མྱོང་རོལ་ལམ་ཞེས་པ་དང་། སྒྲུང་པ་དང་མཉམ་བསྐྱོད་ཀྱི་གེ་སར་རིག་གནས་མྱོང་རོལ་བྱེད་ཅེས་པ་ལྟ་བུའི་རིག་གནས་ཡུལ་སྐོར་སྒྲིག་འཛུགས་བྱ་དགོས་པ། འབྲེལ་ཡོད་སྡེ་ཚན་ནས་གེ་སར་རིག་གནས་ཞིབ་འཇུག་ལ་མཐོང་ཆེན་བྱེད་པ་དང་། གེ་སར་རིག་གནས་ཞིབ་འཇུག་པ་དང་གེ་སར་རིག་གནས་ལ་དགའ་ཞེན་བྱེད་མཁན་ལ་གཅེས་སྐྱོང་དང་རྒྱབ་སྐྱོར་གནང་དགོས་པ། མིག་སྔའི་གེ་སར་རིག་གནས་ཞིབ་འཇུག་གི་རྨང་གཞི་ལེགས་པོ་ཡོད་པའི་ཐོག་རྗེས་སུ་རྩོམ་རིག་དང་། དམངས་སྲོལ། ལོ་རྒྱུས། གནའ་རྫས་རྟོག་ཞིབ། གླིང་སྒྲུང་གི་སྒྲུང་པ་སོགས་གེ་སར་རིག་གནས་ཀྱི་རིགས་དབྱེ་ནས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དེང་རབས་ཚན་རིག་ཤེས་བྱ་དང་ལག་རྩལ་ཐོག་ནས་གེ་སར་རིག་གནས་ཀྱི་གནའ་ཤུལ་གནའ་རྫས་ལ་ཞིབ་འཇུག་བྱས་ནས་སྡེ་དགེའི་ཡུལ་སྐོར་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། དཔེར་ན་གླིང་གེ་སར་གྱི་ལོ་རྒྱུས་རི་མོ་ཆ་ཚང་དང་དཔའ་ཐུལ་ཕུ་ནུ་སུམ་ཅུ་མ་སྲུ་མོ་སྨན་དང་བཅས་པའི་བཟོ་རྩལ་ཚད་ལྡན་ཅན་གྱི་སྡེ་དགེ་ཨ་ཕྱུག་རིག་དངོས་བཤམས་སྟོན་ཁང་ལྟ་བུ་མགྱོགས་པོ་བཞེང་དགོས་པ། སེར་ཤུལ་རྫོང་བ་རོང་གྲོང་ཚོའི་གླིང་རྗེ་བློན་རྣམས་ཀྱི་ཆུ་ཚན་གསར་སྤེལ་བྱ་རྒྱུ་སོགས་ཀྱི་དགོངས་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད། དགོངས་འཆར་དང་གྲོས་འགོ་དེ་དག་གིས་ཕྱིན་ཆད་སྡེ་དགེའི་གེ་སར་རིག་གནས་ཞིབ་འཇུག་སྔར་བས་གཏིང་ཟབ་ཏུ་འགྲོ་རྒྱུ་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུར་ཕན་ཐོགས་ཡོང་ངེས་རེད།
གོང་དུ་སོང་བ་ལྟར་གེ་སར་རིག་གནས་ནི་ཁམས་ཁུལ་གྱི་རིག་གནས་མཚོན་རྟགས་གྲགས་ཅན་ཞིག་ཡིན་པ་དང་། ཁམས་ཁུལ་གྱི་གཟུགས་མེད་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པས། མཚོན་རྟགས་དེ་དོན་གཉེར་ཡག་པོ་བྱས་ན་ཁམས་ཁུལ་གྱི་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་དོན་སྙིང་ཟབ་མོ་ལྡན་པ་ཞིག་ཡིན། ད་ཐེངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནས་སྒྲིག་འཛུགས་གནང་བའི་ཁམས་ཁུལ་དུ་བསྐྱོད་ནས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་འཚོལ་བའི་བྱེད་སྒོ་ནི་གེ་སར་རིག་གནས་ཀྱི་མཚོན་རྟགས་མངོན་པར་བྱེད་པའི་དཔེ་མཚོན་ཡག་པོ་ཞིག་ཏུ་གྱུར་ཡོད།
མདོར་ན་ཐེངས་འདིའི་བྱེད་སྒོ་འདིས་ཁམས་ཁུལ་གྱི་གེ་སར་རིག་གནས་ཐོན་ཁུངས་སྡེབ་སྒྲིག་བྱས་པ་བརྒྱུད་གེ་སར་རིག་གནས་ཞིབ་འཇུག་གི་ཆེད་མཁས་རྣམས་ལ་བར་ཐག་ཉེ་པོས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་མྱོང་རོལ་བྱེད་པའི་སྟེགས་བུ་བཟང་པོ་ཞིག་བསྐྲུན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་འབྲེལ་ཡོད་ས་གནས་ཀྱི་གེ་སར་རིག་གནས་ཞིབ་འཇུག་ཁྱབ་ཁོངས་ནང་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པ་དང་། གླིང་གེ་སར་འཁྲུངས་ཡུལ་གྱི་གེ་སར་རིག་གནས་མཚོན་རྟགས་བསྐྲུན་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིངས་ཡོད། །