བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


 དེབ་གོང་མའི་འཕྲོར་མཐུད། )

ཤིང་ལུག་ཐུབ་བསྟན་རྒྱ་མཚོ་ཆེ། །

ཆོས་སྲིད་གཉིས་ཀྱི་ཁྲི་ལ་འཁོད། །

ཤིང་འབྲུག་དབྱིན་དམག་བོད་དུ་སླེབས། །

ཐུབ་བསྟན་རྒྱ་མཚོ་སོག་ཡུལ་བྲོས། །

བློ་བཟང་རྒྱ་མཚོས་སྲིད་དོན་བསྐྱངས། །

མེ་རྟ་ཀྲའོ་ཨེར་ཧྥེང་གི་དམག །

ཁམས་འབངས་ཁྱུ་བསད་ལས་འགོ་བཙུགས། །

སྡེ་དགེའི་མདུན་སྐོར་ནང་འཁྲུག་གིས། །

བ་བར་བོད་ཀྱི་མདའ་དཔོན་ཐོབ། །

རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྲིད་སྐྱོང་དང་པོའི་སྐབས། ཤིང་ལུག་སྤྱི་ལོ་1895ལོའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་བཞེས། ལོ་དེར་ཉག་རོང་སྤྱི་ཁྱབ་དང་ལྕགས་ལ་རྒྱལ་པོའི་བར་འགལ་བར་ལངས། མེ་སྤྲེལ་སྤྱི་ལོ་1896ལོར་སི་ཁྲོན་ཙུང་ཏུའུ་ཡིས་ལྕགས་ལ་རྒྱལ་པོའི་རྒྱབ་རྩ་བྱས་ཏེ་རྒྱ་དཔོན་ཀྲང་ཇིའི་དམག་དཔུང་བཅས་ཉག་ཁོག་བཏང་སྟེ་གཡུལ་བཀྱེས་ཞིང་འཕྲོག་བཅོམ་ཚད་མེད་བྱས། སྡེ་དགེ་རྒྱལ་པོ་ཡུམ་སྲས་འཁོར་བཅས་བཟུང་ནས་ཁྲེན་ཏུའུ་ལ་དེད། མེ་བྱ་སྤྱི་ལོ་1897ལོར་བོད་ནས་མཁན་ཆུང་མཁྱེན་རབ་ཕུན་ཚོགས་དང༌། ཆབ་མདོ་མདའ་དཔོན་བསོད་ནམས་སྟོབས་རྒྱལ་བཅས་རྒྱ་ནག་བཏང༌། ཕྱོགས་གཅིག་ནས་རྩེ་མགྲོན་བློ་བཟང་འཕྲིན་ལས་དང༌། གདན་འཐུས་བཅས་རྒྱ་གར་བརྒྱུད་མཚོ་ཐོག་ནས་པེ་ཅིང་དུ་བཏང་སྟེ། གོང་མ་ལ་སི་ཁྲོན་ཙུང་ཏུའུ་ཡིས་ཇུས་མེད་ཇུས་ཁྲིད་བྱས་ཚུལ་གྱི་སྙན་ཞུ་ཕུལ་བར་བཏང༌། གོང་མས་རྒྱ་དཔོན་ཀྲང་ཇི་ལ་ཉེས་ཆད་དྲག་པོར་བཅད་ཅིང་དམག་འཕྲལ་དུ་ཕྱིར་འཐེན་དགོས་པའི་བཀའ་ཕབ། ལོ་དེར་སྡེ་དགེ་རྒྱལ་པོ་དང་བཙུན་མོ་གཉིས་ཀ་ཁྲེན་ཏུར་གྲོངས། སྲས་གཉིས་སྲས་རྒན་པ་ལ་རྡོ་རྗེ་སེང་གེ་དང་གཅེས་མིང་ལ་ཨ་ཇ་ཟེར། སྲས་ཆུང་བ་འཇམ་དཔལ་རིན་ཆེན་དང་གཅེས་མིང་ལ་བ་བ་ཟེར། ཞབས་ཕྱི་པ་རྣམས་བོད་གཞུང་སྐུ་ཚབ་ཀྱིས་སྡེ་དགེར་གདན་དྲངས། སྲས་རྒན་པ་རྡོ་རྗེ་སེང་གེ་ལ་སྡེ་དགེ་རྒྱལ་པོའི་གདན་ཐོབ་བསྩལ། ས་ཕག་སྤྱི་ལོ་1899ལོར་དེར་དེ་མོ་སྲིད་ཟུར་དང་། ཚ་བོ་ནོར་བུ་ཚེ་རིང་སོགས་ཀྱིས་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལྐོག་ཏུ་བཀྲོངས་རྩིས་བྱས་ཉེས་ཁག་ལ། བོད་ལྗོངས་ཚོགས་འདུ་བློ་གྲོས་གཅིག་ཏུ་མཐུན་ཏེ་ཉེས་ཅན་ཁག་ལ་ཁྲིམས་གཅོད་དང་། བསྟན་རྒྱས་གླིང་གི་སྣོད་བཅུད་རྣམས་གཞུང་བཞེས་དང་། སྲིད་ཟུར་ཉིད་ཀྱང་བསྟན་གླིང་ཆོས་རར་མཚམས་བཅད་བཞུགས་སུ་བཅུག་པ་སོགས་ཀྱི་ཁྲིམས་ཐག་བཅས། །

དུས་དེར་ཆིང་ཀྲུང་དབྱང་སྲིད་གཞུང་ལ་དབྱིན་འགོག་ཆེད་དུ་དཔལ་འབྱོར་དང་། མཚོན་ཆ་གང་ཐད་རེ་བ་ཞུས་ཀྱང་རྒྱབ་སྐྱོར་མ་ཐོབ་སྟབས། ས་ཁྱི་སྤྱི་ལོ་1898ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཨོ་རོ་སོག་དང་འབྲེལ་བ་བཙུགས་ནས་དབྱིན་འགོག་གི་ཐུགས་བསམ་བཞེས་ཕྱོགས་གྱུར། སོག་པོ་རྡོ་རྗེ་གཡིབ་བརྒྱུད་ཨོ་རོ་སོག་དང་འབྲེལ་བ་བཙུགས། བཀའ་ཤག་དང་། སེར་སྐྱ་དཔོན་རིགས་སུ་ལའང་བཀའ་གྲོས་མེད་པ་གསང་བའི་སྒོ་ནས་ཨོ་རོ་སོག་ལ་ཕེབས་རྩིས་གནང་བ་བཀའ་ཤག་ནས་ཤེས་འཕྲལ་གོང་ས་མཆོག་ལ་སྙན་ཞུ་ཕུལ་ཏེ། གལ་སྲིད་ཨོ་རོ་སོག་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་བསམ་པ་ཡོད་ནའང་གཞུང་དོན་གལ་ཆེན་འདི་ལྟ་བུ་རྡོ་རྗེ་གཡིབ་གཅིག་པུར་བཀའ་བསྡུར་མཛད་དེ་ཐག་གཅོད་གནང་བ་ནི་དབང་ཆ་ལས་བརྒལ་བས་ག་ལ་སྲིད། དཔོན་རིགས་རྣམས་ཀྱིས་བཀག་འགོག་བྱས་པས་སྐུ་དངོས་ཕེབས་མ་ཐུབ། ས་ཕག་སྤྱི་ལོ་1899ལོར་རྡོ་རྗེ་གཡིབ་སླར་ཡང་མོ་སི་ཁོ་ལ་བསྐྱོད་པ་ལ་དབྱིན་ཇི་ལ་སོགས་རྒྱལ་ཁབ་མང་པོས་དོ་སྣང་ཆེན་པོ་བྱས། ཕྱི་རྒྱལ་གྱི་ཚགས་པར་ཐོག་ཏུ། ཏཱ་ལའི་བླ་ལས་བཏང་བའི་ཕོ་ཉ་དེར་ཨོ་རོ་སོག་གིས་དགའ་བསུ་ཆེན་པོ་ཞུས་པ་རེད་ཅེས་བཀོད་པ་རེད། རྡོ་རྗེ་གཡིབ་བོད་དུ་ཕྱིར་ལོག་པའི་སྐབས་སུ་ཨོ་རོ་སོག་གོང་མས་ཏཱ་ལའི་བླ་མ་ལ་ཡི་གེ་དང་ཕྱག་རྟེན་བཅས་ཕུལ་བ་འབྱོར། ཟླ་བ་གཅིག་ཙམ་གྱི་རྗེས་སུ་ཏཱ་ལའི་བླ་མས་བཀའ་ཤག་སེར་སྐྱ་དཔོན་རིགས་རྣམས་ཀྱི་ལྐོག་ཏུ་སྒོ་མང་མཁན་པོ་བློ་བཟང་ངག་དབང་དང་། རྩེ་མགྲོན་རྒྱལ་མཚན་ཕུན་ཚོགས་སོགས་རྡོ་རྗེ་གཡིབ་དང་ལྷན་དུ་སོག་ཡུལ་བརྒྱུད་ཨོ་རོ་སོག་ལ་གསེར་དངུལ་ཟངས་ལྕགས་ཀྱི་བཟོ་རིགས་ཁ་ཤས་གཏོང་གནང་མཛད། ཁོ་ཚོ་ཨོ་རོ་སོག་ལ་འབྱོར་རྗེས་གོང་མས་མཇལ་འཕྲད་དང་གྲོས་མོལ་མང་ཙམ་བྱས། ལྕགས་གླང་སྤྱི་ལོ་1901ལོར་ཁོ་ཚོ་ལྷ་སར་ཕྱིར་ལོག་རྗེས། གོང་ས་མཆོག་ལ་ཁོ་ཚོས་ཨོ་རོ་སོག་གོང་མ་དང་བཀའ་མོལ་བྱས་པའི་སྐོར་གྱི་སྙན་ཞུ་ནང་། བོད་ཀྱི་འཐུས་མི་ཚོས་ཕུལ་བའི་ཨོ་རོ་སོག་དང་བོད་དབར་གྱི་ཆིངས་ཟིན་ནང་། ཨོ་རོ་སོག་གིས་བོད་ལ་སྒོ་ཕྱེ་བ་དང་། ལྷོ་ཕྱོགས་ཉེ་འབྲེལ་དང་བྱེད་དཀའ་བའི་དོན་རྩ་བྱུང་ཚེ་ཨོ་རོ་སོག་ནས་ཁས་ལེན་རོགས་རམ་བྱེད་རྒྱུ། ཨོ་རོ་སོག་ནས་ཨའེ་ཤི་ཡ་དབུས་མའི་རྒྱལ་ཁབ་ཁོངས་སུ་སངས་རྒྱས་གྱི་བསྟན་པ་འཕེལ་རྒྱས་གཏོང་རྒྱུ། ཞེས་འཁོད་པ་དེ་ཕུལ་ཏེ་རྟགས་འཛུགས་གཏན་མཛད་ཀྱང་། བོད་ས་གནས་སྲིད་གཞུང་གིས་ཁས་མ་བླངས་ཤིང་། ཡང་ཏཱ་ལའི་བླ་མ་མཆོག་དགོངས་འགལ་ཡོང་དོགས་ཀྱིས་བབ་སེལ་མང་ཙམ་ཞུས་པ་མ་ཟད། ཏཱ་ལའི་བླ་མའི་དགོངས་དོན་འགའ་ཞིག་མི་སྒྲུབ་ཐབས་མེད་དུ་གྱུར་ཏེ། མཚོན་ཆ་གྲབས་གཤོམ་བྱེད་ཆེད་རྡོ་རྗེ་གཡིབ་སླར་ཡང་ཨོ་རོ་སོག་ལ་བཏང་སྟེ། རིམ་བཞིན་མཚོན་ཆ་འབོར་ཆེན་བོད་དུ་དབོར་ནས་ནོར་བུ་གླིང་ཁར་ཉར་ཚགས་གནང་། དུས་དེར་རྡོ་རྗེ་གཡིབ་དང་བཀའ་བློན་བཤད་སྒྲ་དཔལ་འབྱོར་རྡོ་རྗེའི་བར་འབྲེལ་བ་དམ་ཟབ་ཆགས་ཤིང་། བཤད་སྒྲ་བ་ཡང་ཨོ་རོ་སོག་དང་འབྲེལ་བ་བྱས་ཏེ་དབྱིན་ཇི་ལ་ངོ་རྒོལ་བྱེད་པར་མོས་མཐུན་བྱུང༌། །

ཆུ་ཡོས་སྤྱི་ལོ་1903ལོར་དབྱིན་གཞུང་ཕྱོགས་ནས་བོད་འབྲས་ས་མཚམས་ཞི་གྲོས་དགོས་པའི་རེ་བ་ལྟར། ལོ་དེའི་ཟླ་བ་3པའི་ཚེས་17ཉིན། རྒྱ་བོད་དཔོན་རིགས་ཁག་གཅིག་གྲོས་མོལ་གྱི་ཆེད་དུ་གཏོང་ཡང་། དབྱིན་དམག་ཉིས་བརྒྱ་ལྷག་ཙམ་བོད་ལ་འབྲེལ་བ་ཙམ་ཡང་མ་བྱས་པ་གམ་པ་རྫོང་དུ་སླེབས། ས་གནས་རྫོང་སྡོད་ཀྱིས་བཀག་འགོག་བྱས་ཀྱང་ཉན་འཇོག་མ་བྱས། རྒྱ་བོད་དཔོན་རིགས་རྣམས་གམ་པ་རྫོང་དུ་འབྱོར་པ་དང་དབྱིན་ཕྱོགས་དང་འབྲེལ་ཐུགས་བྱས། གྲོས་མོལ་བྱེད་ཡུལ་གྲོ་མོར་ཕྱིར་འགྲོ་དགོས་པ་ལས་གམ་དུ་མི་འགྲིག་ཚུལ་བཤད་པ་དབྱིན་ཕྱོགས་ནས་ཉན་འཇོག་མ་བྱས་པའི་ཁར། པེ་ཅིང་དུ་དབྱིན་ཇིའི་གཞུང་ཚབ་ཀྱིས་ཆིང་ཀྲུང་དབྱང་སྲིད་གཞུང་ལ་གྲོས་མོལ་བྱེད་མཁན་བོད་སྡོད་ཨམ་བན་དང་། བཀའ་བློན་ཞིག་གཏོང་དགོས་ཚུལ་བརྗོད་པ་ལྟར། ཀྲུང་དབྱང་སྲིད་གཞུང་གིས་བོད་སྡོད་ཨམ་བན་ཡུས་ཀང་(裕刚)འཕྲལ་དུ་གམ་པ་རྫོང་དུ་བསྐྱོད་དེ་ཞི་བའི་གྲོས་མོལ་ཐོག་འཐབ་འཁྲུག་མི་ཡོང་པར་བྱ་དགོས་པའི་བཀའ་ཕབ་ཀྱང་། བཀའ་ཤག་དང་། སེར་འབྲས་དགའ་གསུམ་གྱིས་ཨམ་བན་གམ་པ་རྫོང་དུ་འགྲོ་རྒྱུ་ངོ་རྒོལ་བྱས་ཏེ་བརྗོད་དོན། སྔོན་ཆད་ལུང་ཐུར་ལ་ཤོར་ཡང་ད་ལྟ་བསྐྱར་གསོ་བྱེད་ཐུབ་ཡོད། སྔོན་ཆད་ཨམ་བན་ཧྲེང་ཐའེ་(升泰)ཡིས་དམག་འགོག་བྱས་པས་ས་ཆ་མང་པོ་ཤོར་པ་རེད། ད་རེས་སླར་ཡང་བཀག་འགོག་བྱས་ཚེ་ལས་ཀ་འཐུས་ཤོར་ཡོང་གི་རེད། ཅེས་བཤད། སྐབས་དེར་ཨམ་བན་ཡུང་ཀང་བྱ་ཐབས་བྲལ་ནས་གོང་མ་ལ་སྙན་གསན་ཞུས་པ་དང་ཆབ་གཅིག་ལས་གནས་དགོང་ཞུས་བྱས། དེའི་ཚབ་ཏུ་ཨམ་བན་ཡུའུ་ཐའེ་བསྐོས། བཀའ་བློན་བཤད་སྒྲས་གཙོས་པའི་བཀའ་ཤག་གིས་དབྱིན་ཇིའི་ལ་ཞི་བའི་གྲོས་མོལ་ལས་དྲག་པོའི་འཐབ་འཛིང་བྱ་རྒྱུ་མོས་མཐུན་མ་བྱས་སྟབས། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་བཀའ་བློན་རྣམས་གནས་དབྱུངས་བྱས་ཏེ་ནོར་བུ་གླིང་ཁར་དོ་དམ་བྱས། ཚོགས་འཐུས་ཟུར་བཙུགས་ཀྱིས་ཞིབ་གཅོད་གནང་རྒྱུ་གཏན་འབེབས་མཛད། ལོ་དེའི་ཟླ་བ་བཅུ་པར་དབྱིན་དམག་རང་འགུལ་གྱིས་ཕྱིར་འཐེན་བྱས། ཟླ་བ་བཅུ་གཅིག་པར་སླར་ཡང་དབྱིན་ཇིའི་དམག་དཔོན་རུང་ཧའོ་ཧྥང་གིས་དམག་སྣེ་ཁྲིད་དེ་དབྱིན་བརྒྱ་ལྷག་ཙམ་དང་། སིང་པ་དང་། གོར་ཁ་བཅས་ཀྱི་དམག་དཔུང་ཁྲི་གཅིག་ལྷག་ཙམ་ནག་ཐང་དུ་འཛོམས་ནས་མདུན་བསྐྱོད་བྱས་པས་གྲོ་མོ་དང་། ཕག་རི་སོགས་སུ་སླེབས། སྐབས་དེར་ཁམས་ཁུལ་ཤོ་སྟར་ལྷོ་གསུམ་དང་། སྨར་མཛོ་གསང་གསུམ། རི་ཆབ་དཔའ་གསུམ། དྭགས་ཀོང་རྫོང་གཞིས་ཁག་བརྒྱད། དབུས་གཙང་རྫོང་གཞིས་བདུན། ལྷོ་ཁ་རྫོང་གཞིས་ཁག་བཅོ་བརྒྱད། ནག་ཚང་ཚོ་དྲུག བྱང་རིགས་སྡེ་བཞི་སོགས་ཀྱི་ཡུལ་དམག་དང་། འདོན་དམག་སུམ་སྟོང་ལྷག་ཙམ་ཕག་རིར་འབྱོར་ནས་འགོག་རྒོལ་མཐའ་གཅིག་ཏུ་བྱས་ཀྱང་། མཐའ་གོ་མཚོན་དང་། འཚོ་བའི་ཡོ་བྱད་སོགས་ཅི་གང་ཐད་དབྱིན་དམག་གི་ཁ་གཏད་མ་ཆོག་པར་དབྱིན་དམག་གིས་རྒྱལ་རྩེ་རྫོང་བཙན་བཟུང་བྱས། །

ཁྲི་ཆེན་བློ་བཟང་རྒྱལ་མཚན་གྱི་སྲིད་སྐྱོང་སྐབས། ཤིང་འབྲུག་སྤྱི་ལོ་1904ལོའི་ཟླ་བ་ལྔ་པར་དབྱིན་དམག་ལྷ་སར་དཔུང་འཇུག་བྱས་པའི་ལམ་བར་སྣ་དཀར་རྩེར་འབྱོར་སྐབས་ཡུལ་དམག་གིས་འགོག་རྒོལ་གང་ཐུབ་བྱས་ཀྱང་མ་ཐུབ། དབྱིན་དམག་རྣམས་ཆུ་ཤུར་སླེབས་གྲབས་སྐབས་སུ་བཀའ་ཤག་དང་།
གདན་ས་གསུམ་གྱི་འཐུས་མི་སོགས་གྲོས་བསྡུར་བྱས་མཐར། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་སྐུ་འཁོར་ཧྲག་བསྡུས་ལྷ་ས་ནས་ཐོན་ཏེ་བྱང་ལམ་བརྒྱུད་ཉེན་གཡོལ་དུ་ཕེབས། དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་སྲིད་སྐྱོང་གི་ཁྲི་ལ་བསྐོས། དབྱིན་དམག་ལྷ་སར་འབྱོར་པ་དང་བོད་སྡོད་ཨམ་བན་ཡུའུ་ཐའེ་(有泰)ཡིས་སྣེ་ལེན་གང་ལེགས་བྱས། འོན་ཀྱང་བཀའ་ཤག་དང་དབྱིན་དམག་བར་ཐད་ཀར་འབྲེལ་བ་བྱེད་དཀའ་བར་གྱུར། དེ་ནས་བོད་ཀྱི་གནམ་གཤིས་དང་འཚོ་བ་སོགས་མ་འཕྲོད་པའི་སྟབས་ཀྱིས་དབྱིན་དམག་གིས་ཅི་མགྱོགས་ཀྱིས་ཆིངས་ཡིག་འཇོག་དགོས་པའི་རེ་བ་བཏོན། ཨམ་བན་ནས་བཀའ་ཤག་ལ་བཙན་ཤེད་ཀྱིས་ཆིངས་ཡིག་འཇོག་དགོས་པའི་བཀའ་ཕབ་རྗེས། སྲིད་སྐྱོང་ལ་དགོངས་སྐོར་སྙན་སྒྲོན་ཞུས་པའི་བཀའ་ལན་དུ། བོད་ལྗོངས་འཚོགས་འདུར་གྲོས་བསྡུར་བྱས་ཏེ་ཆིངས་ཡིག་འཇོག་མིན་ལན་གསལ་སྤྲད་འཐུས་ཀྱང་།
ད་ལྟ་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བཞུགས་མེད་སྟབས་ང་ཚོས་ཐག་གཅོད་ག་ལ་ཐུབ། ཅེས་ལན་གསུངས་པར། ཨམ་བན་ཡུའུ་ཐའེ་རབ་ཏུ་ཁྲོས་ཏེ་སྐད་ཆ་དེ་དག་དབྱིན་ཇིའི་དམག་དཔོན་རུང་ཧའོ་ཧྥང་ལ་བཤད་སར་འགྲོ་དགོས་ཟེར། དེ་ནས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྐུ་ཚབ་པ་ཧ་ཟུའུ་དང་། འབྲུག་པའི་སྐུ་ཚབ་ཨོ་རྒྱན་དབང་ཕྱུག་གཉིས་ཀྱིས་འཇམ་ཐབས་ལ་བརྟེན་ནས་གྲོས་མོལ་བྱས་ན་དགེ་མཚན་ཆེ་ལུགས་བསམ་འཆར་བཏོན་པ་དང་།
དབྱིན་ཕྱོགས་ནས་འཇིགས་སྐུལ་དང་། འཇམ་རྩུབ་ཐབས་སྣ་ཚོགས་སྤྱད་སྟབས། མཐར་ཟླ་བ་དགུ་པའི་ཚེས་4ཉིན། ལྷ་སའི་ཆིངས་ཡིག་ཅེས་པ་དོན་ཚན་བཅུ་ཡོད་པ་ཞིག་འཇོག་དགོས་བྱུང་ཡོད། ཤིང་སྦྲུལ་སྤྱི་ལོ་1905ལོར་སོག་ཡུལ་གྲོང་ཁྱེར་དཱ་ཁུ་རལ་དུ་བཞུགས། ཡུལ་དེའི་སྐྱེ་བོ་ཐམས་ཅད་ཀྱིས་དད་གུས་དང་། སྲི་ཞུ་གང་ལེགས་ཞུས། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དད་ལྡན་སྐྱེ་བོ་རྣམས་ལ་ཆོས་འབྲེལ་དང་བཀའ་དབང་བསྩལ། དེ་ནས་དཱ་ཁུ་རལ་ནས་ཆིབས་ཁ་བསྒྱུར་ཏེ་ལམ་བར་གནས་ཆེན་ཁང་ལ་གནས་གཟིགས་དང་འབྲེལ་ཟི་ལིང་དུ་ཕེབས། རྗེ་སྐུ་འབུམ་དུ་ལོ་གཅིག་ཙམ་བཞུགས། །

མེ་རྟ་སྤྱི་ལོ་1906ལོར་སི་ཁྲོན་ཙུང་ཏུའུ་ཀྲའོ་ཨེར་ཧྥེང་(赵尔丰)གིས་དར་མདོ་གཙོས་པའི་ཁམས་ལྷོ་ཕྱོགས་བོད་འབངས་ཁྱུ་བསད་བྱས། བཤད་སྲོལ་ལྟར་ན་ལོ་གཉིས་ཀྱི་རིང་ལ་བོད་མི་ཁྲི་ཚོ་ལྔ་ལྷག་ཙམ་ཧམ་བསད་བྱས་པར་གྲགས། ཐོག་མར་འབའ་བསྟན་གཉིས་དགོན་པའི་ནང་གི་བླ་གྲྭ་ལྔ་བརྒྱ་ཙམ་འདུ་ཁང་ནང་དུ་དུས་གཅིག་ལ་མེ་བསྲེགས་བཏང༌། དེ་ནས་རིམ་བཞིན་འབའ་དང༌། ལི་ཐང༌། སྡེ་རོང༌། ཕྱག་ཕྲེང༌། སྨར་ཁམས། བྲག་གཡབ། ཆབ་མདོ་སོགས་ཀྱི་ས་ཁུལ་དུ་བཙན་ཤེད་ཀྱི་སྒོ་ནས་བོད་པ་རྣམས་ལ་རྒྱ་མིང་འདོགས་པ་དང༌། རྒྱ་ཡིག་སྦྱོང་བཅུག་ཅིང༌། རྒྱ་མིང་ཅན་ལ་སློབ་གསོ་དང་། འཚོ་བའི་ཐོག་དམིགས་བསལ་གྱི་ཐོབ་ཐང་སྤྲོད་ཅིང་། རྒྱ་མིང་མེད་པ་རྣམས་ལ་དཀའ་ངལ་ཆེན་པོ་གཏོང་འདུག འདིར་ལོ་རྒྱུས་ཐོག་ཡུལ་དཔོན་རྒྱ་བསྒྱུར་གྱི་ལས་འགུལ་ཞེས་གྲགས། སྤྱི་ལོ་1908ལོར་མན་ཇུ་གོང་མས་ཀྲའོ་ཨེར་ཧྥེང་ལ་བོད་སྡོད་ཨམ་བན་གྱི་ལས་འགན་བསྐོས་ཏེ་བོད་དུ་བཏང་བ་དང་། བོད་ནས་ཀྲོ་ཨེར་ཧྥེང་གིས་ཁམས་ཕྱོགས་སུ་ཁྲིམས་མེད་ལུང་མེད་ཀྱི་བྱ་སྤྱོད་མང་པོ་བྱས་པ་རྒྱུ་མཚན་དུ་བྱས་ཏེ་བོད་དུ་ཡོང་རྒྱུ་ངོ་རྒོལ་བྱས་སྟབས། གོང་མས་ཀྲོ་ཨེར་ཧྥེང་ཆབ་མདོར་སླེབས་པ་དང་ཕྱིར་ཁྲེན་ཏུར་སྐད་བཏང༌། ས་སྤྲེལ་སྤྱི་ལོ་1908ལོར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་སྐུ་འཁོར་རི་བོ་རྩེ་ལྔར་གནས་གཟིགས་ཕེབས་པ་དང་འབྲེལ། ཟླ་བ་བརྒྱད་པའི་ཚེས་3ཉིན་པེ་ཅིང་དུ་ཕེབས། རྒྱ་ནག་གོང་མ་དང་བཙུན་མོ་ཚི་ཞི་ཐེ་ཧུ་(慈禧太后)རྣམ་གཉིས་དང་མཇལ་འཕྲད་གནང་ཞིང་མཇལ་རྟེན་རྩེ་སྤྲོད་དུ་ཕུལ་རེས་གནང་། པེ་ཅིང་བཞུགས་རིང་རྒྱ་ནག་གོང་མ་ལ་བོད་དོན་རྒྱབ་སྐྱོར་སྐོར་གྱི་རེ་ཞུས་སྣ་ཚོགས་ཕུལ་བ་རྣམས་ལ་རྒྱབ་སྐྱོར་གནང་རྒྱུའི་བཀའ་ལན་མ་ཐོབ་སྟབས། ཐུན་སུན་པའི་རྣམ་པ་དང་བཅས་ཟླ་བ་བཅུ་པའི་ནང་པེ་ཅིང་ནས་ཆིབས་ཁ་བསྒྱུར་ཞིང་ཕྱིར་ཟིང་ལིང་དུ་ཕེབས། །

སྡེ་དགེའི་ནང་འཐབ་སྐོར། སྐབས་དེར་སྔོན་སྡེ་དགེ་རྒྱལ་པོ་ཁྲེན་ཏུར་གྲོངས་ཤིང་སྲས་གཉིས་པོ་སྡེ་དགེར་གདན་དྲངས་རྗེས་སྲས་ཆེ་བ་ཨ་ཇ་རྡོ་རྗེ་སེང་ལ་རྒྱལ་པོའི་གདན་ཐོབ་བསྩལ་ན་ཡང་། དེ་རྗེས་རིམ་བཞིན་ནང་བློན་མདུན་སྐོར་རྣམས་བློ་ཁ་མ་མཐུན་པས་ཕྱོགས་ཁག་གཉིས་གྱེས། རྒྱལ་སྲས་གཉིས་པོ་ཕྱོགས་སོ་སོས་ བདག་ཏུ་བཟུང་ནས་ཆབ་སྲིད་ལ་རྩོད་རྟེན་བྱས། སྲས་ཆེ་བ་ཨ་ཇའི་ཕྱོགས་ལ་གྱང་ཁང་བདེ་ཆེན་དང༌། ལྕགས་རྟ་སེང་གེ་གཉིས་ཀྱིས་བྱས་པས་ཨ་ལྕགས་གྱང་①གསུམ་ཤོག་ཁག་གཅིག་ཏུ་ཆགས། སྲས་ཆུང་བ་འཇམ་དཔལ་རིན་ཆེན་གྱི་ཕྱོགས་ལ་བྱ་རྒོད་དང༌། བྲེ་འབོད་གཉིས་ཀྱིས་བྱས་པར་བ་བྱ་བྲེ་གསུམ་②ཤོག་ཁག་གཅིག་ཆགས། སྤྱི་ལོ་1906ལོར་ཨ་ཇ་རྡོ་རྗེ་སེང་གེ་དབུས་ལྷ་སར་གནས་གཟིགས་ཕེབས་རྗེས། གྱང་ཁང་བདེ་ཆེན་དང་འཇུ་ཆུང་འཇམ་དབྱངས་ཕུན་ཚོགས་གཉིས་སྲིད་ཚབ་བྱས། སྡེ་དགེའི་སྲས་སྐུ་གཞོན་བ་བ་འཇམ་དཔལ་རིན་ཆེན་རྨེ་ཤོད་སོག་མོ་ཕོ་བྲང་དུ་བཞུགས་ཡོད་པ་དེས་སྲིད་ཚབ་ཀྱི་འགན་བཞེས་རྒྱུའི་སྙན་ཞུ་ཉག་ཁོག་མདོ་སྤྱི་ལ་ཕུལ་བ་དེ་བཞིན་ཆོག་པའི་བཀའ་འཁྲོལ་བྱུང་ཡང་། ཨ་ལྕགས་གྱང་གསུམ་གྱི་ཕྱོགས་ནས་ངོ་རྒོལ་བྱས། བ་བྱ་བྲེ་གསུམ་གྱི་ཕྱོགས་ནས་གཡོ་ཐབས་ཀྱིས་གྱང་ཁང་བདེ་ཆེན་རྨེ་ཤོད་སོག་མོ་ཕོ་བྲང་དུ་གདན་དྲངས་ཏེ་དེར་བཀྲོངས། སྤྱི་ལོ་1907ལོར་བོད་སྡེ་པ་གཞུང་ནས་ཨ་ཇ་རྡོ་རྗེ་སེང་ལ་སྨར་འཇོ་སྒང་གསུམ་གྱིས་དམག་གིས་སྲུང་མ་དང་བཅས་ཏེ་ཕྱིར་སྡེ་དགེར་ཕེབས། སྲས་འཇམ་དཔལ་རིན་ཆེན་གློ་བུར་དུ་འཛིན་བཟུང་བྱས་ཏེ་སྡེ་དགེའི་འཛི་ཕུ་བླ་བྲང་ནང་བཙོན་དུ་བཅུག སྐབས་དེར་བ་བྱ་བྲེ་གསུམ་ཕྱོགས་ནས་སྲས་སྐུ་གཞོན་མཚན་མོ་བཙོན་ནས་བཏོན་ཏེ་སེར་ཤུལ་ཕྱོགས་སུ་བྲོས་ཏེ་དེར་གནས་གཞིར་བཟུང་ཞིང་བསྡད། སྡེ་དགེ་གཞུང་ནས་དར་མདོར་ཆིང་སྤྱི་དཔོན་ཁང་ལ་རོགས་སྐྱོབ་ཞུས་པ་དང་། ཀྲའོ་ཨེར་ཧྥེང་(赵尔丰)ལ་སྡེ་དགེའི་རྒྱལ་རྒྱུད་ནང་འགལ་གྱི་གོ་སྐབས་དང་བསྟུན་ཏེ་སྡེ་དགེའི་ས་དབང་ལམ་ལུགས་མེད་པར་བཟོ་ཞིང༌། ཡུལ་དཔོན་རྒྱ་བསྒྱུར་གྱི་ལམ་ལུགས་བཙུགས་དགོས་པའི་བཀའ་ཕབ། ཀྲའོ་དམག་སྡེ་དགེ་འབྱོར་པ་དང་། བ་བྱ་བྲེ་གསུམ་གྱི་ཕྱོགས་ནས་མཚན་མོ་འཇབ་རྒོལ་བརྒྱབ་ཏེ་རྒྱ་དམག་ལ་ཕམ་ཉེས་ཆེན་པོར་ཐེབས། སླར་ཡང་རྒྱ་དམག་རྒྱབ་སྐྱོར་ཡོང་བ་ཐོས་པ་དང་། ས་སྤྲེལ་སྤྱི་ལོ་1908ལོར་བྱ་རྒོད་རྣམ་རྒྱལ་སྒྲོལ་མས་བ་བྱ་བྲེ་གསུམ་གྱི་འགོ་གཙོ་རྣམས་ཁྲིད་དེ་ཟི་ལིང་ཕྱོགས་སུ་བྲོས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལ་སྐུ་བཅར་ཞུས། ཁོ་ཚོར་གཞུང་སའི་ཞབས་གྲས་དང་བ་བ་འཇམ་དཔལ་རིན་ཆེན་ལ་ཐ་ཇིའི་གོ་གནས་སྤྲད་དེ་དབུས་སུ་ཁྲིད། དེའི་སྲས་བསྐལ་བཟང་དབང་འདུས་ལ་ཏ་དང་མདའ་དཔོན་གྱི་གོ་གནས་དང་། རྗེས་སུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གཞོན་པའི་གོ་གནས་ཐོབ་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1