【ཀླད་ཀྱི་གཏམ།】 ད་ལོ་ནི་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན།
ཟླ་10པའི་ཚེས་16ཉིན། དུས་ཡུན་ཉིན་7རིང་གི་རང་སྐྱོང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་སྤེལ་བ་དང་། ཟླ་10པའི་ཚེས་17ཉིན་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པའི་ཉིན་དེར་བོད་ལྗོངས་ཀྱི་དབུལ་སྐྱོར་ཉིན་མོའི་ཁྲོམ་གཞུང་གི་བྱེད་སྒོ་ལྷ་སའི་གཡུ་ཐོག་ལམ་དུ་སྤེལ་བ་རེད།
ཉིན་ཤས་རིང་། གསར་འགོད་པ་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་བྱ་ཡུལ་དུ་བསྐྱོད་དེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ནས་ཡོང་བའི་འགྲེམས་ཚོགས་ནང་ཞུགས་མཁན་གྱི་མཉམ་ལས་ཁང་དང་ཁེ་ལས། ཁྱིམ་ཚང་གི་ཞིང་འབྲོག་ར་བ་སོགས་ལ་བཅར་འདྲི་བྱས་ནས། ས་མཐོའི་མི་དམངས་དབུལ་ཐར་ཕྱུག་འགྱུར་གྱི་རི་མོ་ཞིག་ང་ཚོས་སྤྱན་ལམ་དུ་བསྟན་པ་རེད།
ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་སྟེང་ལྷོ་ཁའི་འགྲེམས་ཁང་གི་བོད་ཀྱི་བུད་མེད་ཀྱི་སྣམ་བུའི་ལྷམ་ལ་ཀུན་གྱིས་དོ་སྣང་ཐོབ་པ།
བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་། ལྗང་མདོག་ལྷད་མེད་ཀྱི་སྔོ་ཚལ་དང་ཤིང་ཏོག “ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ” བོད་ལུགས་འཁྱགས་ཞོ། སྣ་ཁ་མང་བའི་འབྲོག་ཁུལ་གྱི་འོ་མའི་ཐོན་རྫས་སོགས་ཡོད་ཅིང་། ཟླ་10པའི་ཚེས་16ཉིན། རང་སྐྱོང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་དེ་ལྷ་ས་ནས་སྤེལ་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱིས་2016ལོའི་ཚུན་རོགས་སྐྱོར་དང་སྐྱེད་སྲིང་བྱས་པའི་ཐོན་ལས་མཉམ་ལས་ཁང་132ཚུད་པའི་ཁེ་ལས་224དེའི་ནང་ཞུགས་ཡོད་པ་རེད།
འགྲེམས་ཚོགས་སྟེང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱིས་མང་ཚོགས་མང་པོའི་ཡིད་དབང་བཀུག་ནས་དངོས་ཟོག་ཉོ་བར་ཡོང་ཞིང་ཅ་ལག་ཆེ་ཆུང་མང་པོ་འཁྱེར་ནས་ཕྱིར་ལོག་མཁན་ནི་རྒྱུན་ཆད་མེད་པ་རེད། དཔྱིད་དཔལ་རབ་ཏུ་བཞད་དེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
དབུལ་ཐར་འགག་སྒྲོལ་ནི་མིག་སྔའི་དམངས་འཚོའི་བཟོ་སྐྲུན་ཆེ་ཤོས་ཤིག་ཡིན་པས་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་དང་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་རེད།
ཟླ་10པའི་ཚེས་17ཉིན་གྱི་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་6པ་འཆར་ལ་ཉེ་བའི་སྐབས་སུ། 2016ལོ་ཚུན་གྱི་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་ཐོན་ལས་ཀྱི་གྲུབ་འབྲས་དང་ཁྲོམ་ར་འབྲེལ་མཐུད་ནུས་ལྡན་སྔར་བས་ཡོང་པར་དམིགས་ཏེ། འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། འགྲེམས་ཚོང་གཙོ་བོར་བྱེད་པའི་གྲུབ་འབྲས་འགྲེམས་སྟོན་གཉེར་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་ལ་ཤེས་རྟོགས་དང་དབུལ་ཐར་འགག་སྒྲོལ་ནང་ཞུགས་པར་སྔར་བས་སྐུལ་འདེད་བཏང་བ་རེད།
ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ནང་གྲོང་ཁྱེར་དང་ས་ཁུལ་7གྱིས་2016ལོའི་ཚུན་ལ་རོགས་སྐྱོར་དང་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ཐོན་ལས་གཉེར་སྐྱོང་གཙོ་གཟུགས་(དེའི་ནང་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་གི་ཞིང་འབྲོག་ར་བ། འཇོན་ཐང་ཅན་གྱི་དུད་ཆེན། ཕ་ཡུལ་དུ་ལོག་པའི་ལས་གཏོད་ཚོགས་སྤྱི་སོགས་ཚུད་པ)འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།
འགྲེམས་ཚོགས་ཀྱི་ཡུལ་དངོས་སུ། ཐའེ་ཀྲའོ་གནའ་གྲོང་སྣམ་བུ་ལས་སྣོན་མཉམ་ལས་ཁང་ནས་ཡིན་པའི་བློ་བཟང་གིས་འགྲེམས་སྟེགས་མདུན་དུ་སྤྲོ་སེམས་ལྡན་པའི་ངང་སྐུ་མགྲོན་ཚོར་རང་ཁྱིམ་གྱི་ཐོན་རྫས་ངོ་སྤྲོད་བྱས་པ་སྟེ། “ང་ཚོས་བཟོས་པའི་བོད་བཟོའི་དངུལ་ཁུག་ནི་ལག་ཤེས་བཟོ་རྩལ་ཡིན་པ་དང་རྒྱུ་ཆ་ཧ་ཅང་ཡག་པོ་ཡོད་པས། ཁྱེད་ཚོས་ནང་སའི་གྲོགས་པོར་ལེགས་སྐྱེས་སུ་ཕུལ་ཆོག”ཅེས་བཤད་བྱུང་ལ། ཉོ་སྒྲུབ་ཚོགས་པ་ཞིག་གིས་དེ་མུར་འཚང་ཁ་ཤིག་ཤིག་ངང་དངུལ་ཁུག་འདེམས་པ་དང་རིན་གོང་འདྲི་རྩད་བྱས་ཏེ་སྐར་མ་གཉིས་ཀྱང་མ་འགོར་བར་ཉོ་ཚོང་ལེགས་གྲུབ་བྱུང་བ་རེད།
ནག་ཆུའི་འགྲེམས་ཁུལ་དུ་འོ་མ་དང་མར་གྱི་བྲོ་བ་མྱོང་བ་དང་། བོད་ཀྱི་ཕྱུ་པ་བཟོ་བ་བཅས་ཀྱིས་ལྟད་མོ་བ་མང་པོས་ཡིད་དབང་བཀུག་བྱུང་། འགྲེམས་ཁུལ་གྱི་འགན་འཁུར་པས་གསར་འགོད་པར།“ཉིན་རེར་ལྟ་སྐོར་དང་ཉོ་སྒྲུབ་བྱེད་མཁན་མི་ཚོགས་རྒྱུན་ཆད་མེད་པར་མང་དུ་ཕྱིན་ནས་མར་དང་ཞོ་ཕྱིར་ཚོང་ཡག་པོ་བྱུང་ཡོད་ཅིང་། ཚོང་པ་མང་པོ་ཞིག་གིས་དུས་ཡུན་རིང་པོར་མར་ཉོ་འདོད་ཡོད་ཟེར་བས། མཉམ་ལས་ཁང་གི་ད་ལོའི་ཁེ་སྤོགས་བགོ་ཚད་ན་ནིང་ལས་མཐོན་པོ་ཡོད་ངེས”ཟེར།
ནས་དང་ཚགས་ཤ་སོགས་རྒྱུ་ཆ་དང་དེང་རབས་བཟོ་རྩལ་གྱི་མཉམ་འདྲེ་སྦྱོར་བ་ལས། ས་མཐོའི་ཁྱད་ལྡན་ཐོན་རྫས་འབོར་ཆེན་ཞིག་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་ཐེབས་ནས། ད་ཐེངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་ཅིང་། འདི་ནི་ཆབ་མདོའི་འགྲེམས་ཁང་ནང་བོད་ཀྱི“དྲ་མི་གྲགས་ཅན”ངག་དབང་བསྟན་རྒྱས་ཀྱིས་སྐུ་མགྲོན་ལ་ཁྱད་ལྡན་ནས་ཀྱི་ཐོན་རྫས་ཏེ་རྩམ་པའི་འཚོ་བཅུད་བཟའ་བཅའ་འགྲེམས་སྟོན་བྱེད་བཞིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ནང་ནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དང་ནོར་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་ནི་དམིགས་བསལ་གྱིས་ཇེ་མང་དུ་ཕྱིན་ཡོད་པ་དང་། དེ་དང་ཆབས་ཅིག་འགྲེམས་ཁུལ་དུ་ནས་ཀྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟེགས་དང་ནོར་གྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟེགས་བཙུགས་ནས་མང་ཚོགས་རྣམས་ཀྱིས་ནས་དང་ནོར་གྱི་གསོ་སྤེལ་ལག་རྩལ་གསར་པ་ལ་ཐད་ཀར་ཤེས་རྟོགས་ཐུབ་པར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་སུ་ནས་དང་ནོར་གྱིས་མཚོན་པའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་ཡོད་དེ། ནས་ལ་ཞིབ་ཚགས་ལྡན་པའི་ལས་སྣོན་བྱེད་པའི་ཁེ་ལས་39ཡིས་ཇེ་མང་དུ་ཕྱིན་ནས་ལས་སྣོན་གཞན་སྒྱུར་བྱེད་ཚད་ཏུན་ཁྲི་11.1ལ་སླེབས་པ་དང་། ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་11ཙམ་ལ་སླེབས་ལ། ནས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་100ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་ཤིང་། ནས་ཀྱི་ལྗང་མདོག་བཟའ་བཅའ་ཐོན་སྐྱེད་རྟེན་གཞི་ཐོག་མ་དེར་ཆོག་མཆན་ཐོབ་ནས་རྒྱ་ཁྱོན་མུའུ་ཁྲི་5ལ་སླེབས་ཡོད་པ་དང་། ཚགས་་ཤའི་གཞི་ཁྱོན་ཅན་གྱི་ལས་སྣོན་ཁེ་ལས་7དང་ལས་སྣོན་གཞན་སྒྱུར་བྱེད་ཚད་ཏུན་1845སླེབས་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.85ལ་སླེབས་ཡོད་པ་རེད།
དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ས་མཐོའི་སྔོ་ཚལ་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་ནས་འདེབས་འཛུགས་ཁྱོན་མུའུ་ཁྲི་36ལ་སླེབས་པ་དང་། དབྱར་དུས་སྔོ་ཚལ་མཁོ་འདོན་བྱེད་ཚད་ཁྲི་85%་ཡན་ལ་སླེབས་ཤིང་། ལྗོངས་ཕྱི་རོལ་ནས་སྐྱེལ་འདྲེན་གཙོ་བོར་བྱེད་པ་ནསརང་མཁོ་རང་སྤྲོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། ཉེ་བའི་ལོ་ངོ་4ཡི་རིང་དབུལ་ཐར་འགག་སྒྲོལ་གྱི་ལག་ལེན་ལས་ཞིང་འབྲོག་ལས་ཀྱི་ཐོན་ལས་རྨང་གཞི་སྟོབས་ཆེར་ཕྱིན་པ་དང་། ཐོན་ལས་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་ཅིང་། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2591ལག་བསྟར་བྱས་ཏེ་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་347.86དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་23.6དུས་ཚད་ལྟར་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་འབྲོག་པ་ཁྲི་40ཙམ་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་གཞན་བརྒྱུད་སྣེ་ཁྲིད་བྱས་ཡོད་པ་རེད། སྲིད་ཇུས་ཀྱིས་ཐོན་ལས་དར་རྒྱས་གཏོང་བར་སྣེ་ཁྲིད་བྱས་པ།
“ཏང་དང་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནང་བ་དང། དེ་མ་ཟད་ང་ཚོར་ཕྱིར་འཚོང་དང་ཁྱབ་སྤེལ་སྟེགས་བུ་འདི་འདྲ་ཞིག་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་འོག་མི་དེ་བས་མང་པོ་ཞིག་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་བྱང་ཐང་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྒྲོལ་མས་དེ་སྐད་བརྗོད།
དབུལ་ཐར་སྲིད་ཇུས་ལག་ཏུ་བསྟར་བས་འཕེལ་རྒྱས་ལ་སེམས་ཁྲལ་ཡོད་པའི་མི་མང་པོ་ཞིག་ལ་སླར་ཡང་ཡིད་ཆེས་བསྩལ་ཡོད་ཅིང་། བོད་ལྗོངས་ཀྱིས་སྔ་རྗེས་སུ་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་60ལྷག་ཙམ་བཟོས་ནས། ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བའི“1+N”སྲིད་ཇུས་མ་ལག་ཆགས་པ་དང་། རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་500ལྷག་ཙམ་བསྡུ་སྒྲིལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དང་འཚམ་པའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་ལམ་སྲོལ་བཙུགས་ཡོད། ཐོན་ལས་དབུལ་སྐྱོར་ལྟེ་བར་བྱས་པའི་ཕུགས་ཕན་འབབ་འཕར་ལམ་སྲོལ་བཙུགས་ཏེ་ནས་དང་ནོར་ནག་གཙོ་བོར་བྱས་པའི་དབུལ་སྐྱོར་ཐོན་ལས་ཆེན་པོ་དྲུག་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད་ལ། མིག་སྔའི་བར་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་145དང་ཆེད་ལས་མཉམ་ལས་ཁང་ཁྲི་ལྷག་ཙམ་སྐྱེད་སྲིང་བྱས་ཡོད།
རང་སྐྱོང་ལྗོངས་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རིམ་པ་རྗེས་མར་བོད་ལྗོངས་ཀྱིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་དང་འཚོ་བ་འབྱོར་ཕྱུག་ལ་དམིགས་ཏེ་ནས་དང་ནོར། ལུག་དང་སྔོ་ཚལ་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། ནས་ཀྱི་ཐོན་འཕར་དང་ནོར་ནག ལུག་བཅས་གསོ་སྤེལ་གཏིང་ཟབ་བྱས་ནས། གཙོ་གཟུགས་གསར་པ་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་སྟེ། ཁྱད་ལྡན་ཐོན་ལས་ལེགས་གཏོང་དང་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ཐོན་ལས་འདེགས་སྐྱོར་དང་སྲིད་ཇུས་རམ་འདེགས་སུ་བྱེད་པའི་མང་ཚོགས་དབུལ་པོའི་འབབ་འཕར་ལམ་སྲོལ་ཞིག་ཆགས་པར་བྱས་ཏེ། དབུལ་ཐར་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་དབུལ་པོ་ཉུང་གཏོང་གི་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།