སོ་མང་ཆུ་བོའི་འགྲམ་ངོགས་སུ་མི་རིགས་སློབ་གསོའི་མེ་ཏོག་བཞད།

མགོན་པོ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-28


      ཉེ་བའི་ལོ་འདི་དག་གི་རིང་ལ་རྔ་བ་ཁུལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སོ་མང་ཆུ་བོའི་འགྲམ་ངོགས་སུ་སློབ་གྲྭ་སོ་སོས་གསར་དུ་བསྐྲུན་པའི་སློབ་ཁྲིད་ཐོག་ཁང་དང་ཚོད་ལྟའི་ཐོག་ཁང་། སློབ་མའི་སྡོད་ཁང་སོགས་གྲལ་འགྲིག་ཅིང་། སློབ་གྲྭའི་ཁོ་ར་ཁོར་ཡུག་ཀུན་ན་དཔེ་ཀློག་གི་སྒྲ་དབྱངས་ལྷང་ལྷང་གྲགས་པ་དང་སློབ་མ་ཚོའི་བཞིན་གྱི་འཛུམ་མདངས་མཐོང་ན་མི་སེམས་ཀྱི་དང་བ་དབང་མེད་དུ་བཀུག
      སློབ་གསོ་ནི་གལ་ཆེ་བའི་དམངས་འཚོ་ཡིན་པས། ལོ་འདི་དག་རིང་དུ་འབར་ཁམས་གྲོང་ཁྱེར་གྱིས་སློབ་གསོ་དམིགས་སུ་བཀར་ནས་ཐོག་མར་གོང་སྤེལ་གཏོང་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་ཐུགས་སེམས་མགུ་བའི་སློབ་གསོ་སྤེལ་བ་དམིགས་འབེན་དུ་བཟུང་ནས། སྤུས་ལེགས་སློབ་གསོ་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་མཉམ་དར་སློབ་གསོར་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་སུ་སློབ་མས་སློབ་གསོ་བཟང་བོ་ཞིག་མྱོང་ཐུབ་པའི་རྣམ་པ་བཟང་བོ་ཆགས་བཞིན་ཡོད། དམངས་ཕན་སློབ་གསོའི་བྱེད་ཐབས་རེ་རེར་གནས་འདི་ནས་རྩ་བ་ཚུགས་ཞིང་རྩེ་མོ་རྒྱས་པ་དང་། དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་མེས་རྒྱལ་གྱི་སྙིང་རྗེ་བའི་མེ་ཏོག་ཆུང་ཆུང་དག་ས་སྒང་འདིར་རྣམ་པར་བཞད་ཡོད།
      དམ་པ་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་ལོ་རིམ་གཉིས་པའི་སློབ་གྲོགས་ཞང་ཞའོ་ཉི་ཡིས་ང་ཚོས་སློབ་གྲྭ་ནས་རྒྱ་ཡིག་དང་བོད་ཡིག རྩིས་རིག་དང་གླུ་དབྱངས་སོགས་སྦྱང་དགོས་ཟེར། རྒྱུས་ལོན་པ་ལྟར་ན། འབར་ཁམས་གྲོང་ཁྱེར་གྱི་ཡུལ་ཚོ་དང་གྲོང་རྡལ་14ཡི་ལྟེ་གནས་སློབ་ཆུང་རྣམས་ཀྱིས་རྨང་གཞིའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ད་དུང་བོད་ཡིག་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པས། སློབ་མ་ཚོའི་ནང་ལོགས་ཀྱི་སྔོན་ཐོན་སློབ་གསོ་མྱོང་ཐུབ་པར་མ་ཟད་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལའང་སློབ་སྦྱོང་བྱེད་ཐུབ་བཞིན་ཡོད།
      མིག་སྔར། འབར་ཁམས་གྲོང་ཁྱེར་ལ་བསྡོམས་པའི་སློབ་ལོ་མ་རན་པའི་སློབ་གསོའི་ལྟེ་གནས་དང་བྱིས་གཉོར་ཁང་56ཡོད་ཅིང་། སློབ་མ་2400ལྷག་ཤོང་ཐུབ་པས་གྲོང་ཁྱེར་ཡོངས་ཀྱི་བྱིས་པ་ཚོའི་སློབ་ཞུགས་དགོས་མཁོ་སྐོང་ཐུབ། སློབ་ལོ་མ་རན་གོང་གི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བཏང་བ་དང་། གཞུང་བཙུགས་སློབ་གྲྭ་དང་དམངས་གཉེར་སློབ་གྲྭ་མཉམ་སྤེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ(སྡེ་བ)གྱི་བྱིས་གཉོར་ཁང་སོ་སོས་ཕན་ཚུན་འདེགས་སྐྱོར་བྱེད་པའི་རྣམ་པས་སློབ་ལོ་མ་རན་གོང་གི་སློབ་གསོའི་མ་ལག་ཅིག་ཆགས་བཞིན་ཡོད།
      གསར་འགོད་པས་འབར་ཁམས་གྲོང་ཁྱེར་སློབ་གསོ་ཅུས་ནས་2017ལོ་ནས་2020ལོའི་བར་གྱི་སློབ་ལོ་མ་རན་པའི་སློབ་གསོའི་འཕེལ་རྒྱས་ཀྱི་འཆར་འགོད་ལ་རྒྱུས་ལོན་བྱས་པ་དང་། 2020ལོའི་བར་དུ་གྲོང་ཁྱེར་འདིའི་སློབ་ལོ་མ་རན་གོང་ལོ་གཅིག་ལ་སློབ་ཞུགས་བྱེད་པའི་སློབ་ཞུགས་ཚད་བརྒྱ་ཆ་90.95དང་སློབ་ལོ་མ་རན་གོང་ལོ་གཉིས་ལ་སློབ་ཞུགས་བྱེད་པའི་སློབ་ཞུགས་ཚད་བརྒྱ་ཆ་88.74ཡིན། སློབ་ལོ་མ་རན་གོང་ལོ་གསུམ་ལ་སློབ་ཞུགས་བྱེད་པའི་སློབ་ཞུགས་ཚད་བརྒྱ་ཆ་90ཡིན་པས། སློབ་ལོ་རན་པའི་བྱིས་པ་ཚོའི་སློབ་ཞུགས་དགོས་མཁོ་སྐོང་ཐུབ་བཞིན་ཡོད། མ་འོངས་པའི་ལོ་ལྔ་ནས་བཅུའི་བར་གྱི་ང་ཚོའི་དམིགས་འབེན་ནི་རྨང་གཞིའི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བ་ཇེ་མགྱོགས་སུ་བཏང་ནས། ནུས་ཤུགས་ཡོད་དགུ་བཏོན་ནས་སློབ་ལོ་མ་རན་པའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། འོས་འགན་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བ། སྐད་གཉིས་སློབ་གསོ་ཚད་ལྡན་དུ་བཏང་སྟེ། སློབ་གསོ་སྤུས་ལེགས་དང་མཉམ་དར། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་འཛུགས་དགོས་ཞེས་འབར་ཁམས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གིས་ངོ་སྤྲོད་བྱས།
      དམིགས་བསལ་གྱི་བྱིས་པ་མང་པོ་ཞིག་ཁྱིམ་བདག་ཚོས་སློབ་གྲྭར་མི་སྐྱེལ་བའི་གནས་ཚུལ་ཚབས་ཆེན་ཡིན་ཞེས་རྫོང་འབུར་ཡུལ་ཚོའི་ལྟེ་གནས་སློབ་ཆུང་གི་དགེ་རྒན་ཁོའུ་ཧུང་སུའུ་ཡིས་བཤད། འབར་ཁམས་གྲོང་ཁྱེར་གྱི་ས་རྒྱ་ཆེ་བར་མ་ཟད། དམིགས་བསལ་སློབ་གསོར་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོ་ཞིག་གནས་ཡོད་པས། དམིགས་བསལ་སློབ་གསོའི་གཅིག་སྡུད་དོ་དམ་ལ་དཀའ་ཁག་མང་པོ་ཞིག་གནས་ཡོད། མིག་སྔར། འབར་ཁམས་གྲོང་ཁྱེར་གྱིས་རང་ས་གནས་ཀྱི་དམིགས་བསལ་བྱིས་པའི་དམིགས་བསལ་གནས་ཚུལ་དང་བསྟུན་ནས། ས་གནས་ཀྱི་སློབ་གསོ་དང་འབྲེལ་ཏེ། སློབ་ཁྲིད་ཁྱིམ་དུ་སྐྱེལ་བ་དང་འཛིན་གྲྭར་ཞུགས་ནས་མཉམ་སྦྱོང་བྱེད་པ། དམིགས་བསལ་གྱི་སློབ་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་པ་སོགས་བྱེད་ཐབས་རིགས་མི་འདྲ་བ་གསུམ་བཀོལ་ནས་དམིགས་བསལ་བྱིས་པའི་སློབ་གསོ་མྱོང་བའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་བཞིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་དུ་ང་ཚོས་བྱེད་ཐབས་སྣ་ཚོགས་བཀོལ་ནས། སློབ་གསོ་དེ་དམིགས་བསལ་བྱིས་པའི་གམ་དུ་བསྐྱལ་ཏེ། དམིགས་བསལ་གྱི་བྱིས་པ་ཚོས་ཤེས་བྱ་རིག་གནས་སྦྱོང་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་ཅིང་། སློབ་གསོའི་ཁྲོད་བྱིས་པ་གཅིག་ཀྱང་རྗེས་སུ་ལུས་མི་རུང་ཞེས་དགེ་རྒན་ཁོའུ་ཧུང་སུའུ་ཡིས་གདོང་ལ་ཡིད་ཆེས་ཀྱི་གང་བཞིན་དེ་ལྟར་བཤད།
      ང་ཚོའི་སློབ་གྲྭ་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱི་ཇེ་ཡག་ཇེ་མཛེས་སུ་འགྲོ་བཞིན་ཡོད་ཅིང་། ངའི་སློབ་གྲྭ་ནས་གྲོགས་པོ་མང་པོ་ཞིག་ངོ་ཤེས་ཡོད་པར་མ་ཟད། ང་རང་སློབ་གྲྭའི་ལུས་རྩལ་རྭ་བ་ནས་སློབ་གྲོགས་ཚོ་དང་མཉམ་དུ་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པར་དགའ་བ་དང་། སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དེ་ལས་ཀྱང་དགའ་ཞེས་འབར་ཁམས་གྲོང་ཁྱེར་སློབ་ཆུང་བཞི་བའི་སློབ་གྲོགས་འཚམ་སྐྱིད་སྒྲོལ་མས་དགའ་སྤྲོའི་ངང་དེ་ལྟར་བཤད། འབར་ཁམས་གྲོང་ཁྱེར་སློབ་ཆུང་བཞི་བ་ནི་འོད་འདུས་སྡེ་བའི་རི་བ་པཱ་རུ་ཆགས་ཡོད་ཅིང་། འདི་ནི་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་ཆུང་ཞིག་ཡིན། མཛེས་སྡུག་ལྷུན་ཆགས་དང་སྣ་འཛོམས་ཕུན་སུམ་ཚོགས་པའི་སློབ་ཆུང་བཞི་བ་ཞེས་པའི་སློབ་སྒྲུབ་ཀྱི་རྩ་དོན་ལྟར། སློབ་གྲྭར་གློག་ཀླད་སློབ་ཁང་དང་དཔེ་མཛོད་ཁང་། གླུ་དབྱངས་དང་ལུས་རྩལ་སློབ་ཁང་། ཚོད་ལྟ་ཁང་། ཞབས་བྲོའི་སློབ་ཁང་། མཛེས་རྩལ་སློབ་ཁང་། ཀང་ཆིན་སློབ་ཁང་སོགས་ནུས་ལྡན་སློབ་ཁང་12ཡོད། སློབ་ཁྲིད་བྱེད་ཐབས་སུ་རྒྱ་ཡིག་རྨང་གཞི་དང་དབྱིན་ཡིག་ཞོར་སྣོན། བོད་ཡིག་ཁྱད་ཆོས་སུ་བཟུང་བའི་སྐད་ཡིག་སློབ་ཁྲིད་གཙོ་གནད་དུ་བཟུང་ནས། མི་རིགས་ས་ཁུལ་གྱི་སློབ་གསོའི་འཕེལ་ཕྱོགས་དང་འཚམ་ཞིང་སློབ་མའི་འཚར་ལོངས་ཀྱི་དོན་དངོས་དང་ཉེ་བར་བཅར་བས། རྒྱ་ཆེའི་ཁྱིམ་བདག་དང་དགེ་སློབ་ཚོས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།
      སློབ་གསོ་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་རྨང་གཞི་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་དོན་དངོས་ཀྱང་ཡིན། དེ་ནི་འབར་ཁམས་གྲོང་ཁྱེར་གྱི་རྒྱ་ཆེའི་སློབ་གསོའི་ལས་བྱེད་པ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པ་ཙམ་མ་ཡིན་པར་ཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་དང་རིག་གནས་བྱ་གཞག་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་ཐོབ་པའི་གྲུབ་འབྲས་བཟང་བོ་དེ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1