བདག
གླིང་སྙན་གྲགས། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-15
བདག་ཏུ་མེད་པའི་སྒྱུ་མའི་སྣང་བ།།
རྨི་ལམ་ནང་གི་འཇའ་ཚོན་རི་མོ།།
རྟོག་བཏགས་ཙམ་གྱིས་ཕུང་ཚོར་དག་ལ།།
ཁོ་བོའི་ལུས་དང་སེམས་པ་འཆིང་སོང་།།
དཔྱད་ན་འདིའོ་བསྙད་རྒྱུ་མེད་ལ།།
བཙལ་ན་འདི་བཞིན་སྟོན་རྒྱུ་མེད་པའི།།
ངོ་མཚར་ལས་ཀྱི་རི་མོ་འདི་ཉིད།།
ཚིམ་པ་མེད་པའི་ལོངས་སྤྱོད་ཅིག་གོ།
ཁམས་དྲུག་བཏགས་པའི་འདུས་པ་ཉིད་ཀྱིས།།
འདིའོ་གསལ་རྗེན་སྟོན་པ་མེད་ལ།།
ལྐོག་ཏུ་ཡིབ་པའི་ངའོ་དེ་ནི།།
དཔྱད་གསུམ་ལུང་གི་བར་ན་ཡོད་སྐད།།
ཐུབ་པས་གང་ལ་མ་བཏགས་འདི་བཞིན།།
རྟེན་འབྱུང་ལས་ཀྱི་མེ་ལོང་ངོས་ལ།།
སྒྱུ་མའི་སྣང་བ་འདི་ཙམ་བཞག་པ།།
སྣང་ལ་རང་བཞིན་མེད་པར་སྣང་ངོ།།
འཛིན་པའི་བདག་ཉིད་གྲུབ་པའི་ཁམས་རྣམས།།
ཚུགས་ཐུབ་བདེན་པའི་བརྡ་ལ་བྱང་ནས།།
འཇིག་ལྟའི་ཡུལ་གྱི་དམིགས་པའི་དཀྱིལ་དུ།།
བདེན་བདེན་གྲུབ་པའི་ང་དེར་བཞེངས་སོང་།།
ཟླ་གཟུགས་ཆུ་ལ་འཕོས་པའི་སྣང་བ།།
ཆུ་གཉེར་འཛུམ་པའི་བར་ན་གསལ་ཡང་།།
དོན་དུ་གཞལ་བྱའི་ངོས་སུ་བརྟགས་ན།།
སྣང་བ་ཙམ་ལས་ཅི་ཡང་མེད་དོ།།
དེའི་ཕྱིར་སྐྱབས་དང་སྐྱོབ་པ་དེའང་།།
གདགས་པའི་གཞི་ལ་བཏགས་ཙམ་སྣང་ཡང་།།
བསླུ་མེད་ལས་ཀྱི་ས་བོན་རྡོག་པོ།།
ཐ་སྙད་ཀྱི་ནི་གཤིན་སར་བཏབ་ཆོག།
ལྷན་སྐྱེས་བློ་དེས་གཞི་རུ་བརྟན་པའི།།
ཁྲེལ་དགོད་འཛུམ་གྱིས་ཕྱུག་པའི་ཟློས་གར།།
ཡང་ཡང་བདག་ཅེས་འདི་ཡིས་བསྟན་ཏེ།།
ངོ་མཚར་ལྟད་མོ་འདི་ན་གདའོ།།
དབེན་པའི་བྲག་ཆར་འཁྱིལ་བའི་བརྡ་ཡིས།།
སྟོང་བའི་ལས་ཀྱི་བྱེད་པ་གསལ་ཡང་།།
བདག་ཅེས་དགོང་ཁའི་མཚམས་སྤྲིན་དམར་བོ།།
ཡོད་ན་འདི་ཞེས་འཛིན་མེད་བྲལ་བ།།
དེའི་ཕྱིར་རྟེན་འབྲེལ་ཆོས་ཉིད་ཟབ་མོས།།
དོན་དམ་ཀུན་རྫོབ་གྲུབ་པའི་བར་ན།།
བདག་ནི་འདི་ཞེས་གཞི་འཛིན་དེ་ལ།།
བསླུ་མེད་ཨ་མའི་འཛུམ་མདངས་མངོན་ཡོང་།།