སྤྱི་ཟླ་7པའི་ཚེས29ཉིན། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ནང་བསྟན་སློབ་གཉེར་ཡོན་ཚད་དཔྱད་ཞིབ་ཨུ་ལྷན་དགེ་ལུགས་ཚོ་ཆུང་གི་ལས་ཀའི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོ་རུ་འཚོགས་པ་རེད།

ཐེངས་འདིའི་ཚོགས་འདུ་ལ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ་དང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བློ་བཟང་ཆོས་འཕེལ་དང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། བཞག་པ་འཇམ་དབྱངས་མཁས་གྲུབ། ཐུབ་བསྟན་བསྟན་འཛིན་ཉི་མ། དགེ་བཅུ་ཡར་འཕེལ། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བ་རིག་འཛིན་སོགས་སྤྲུལ་སྐུ་དང་དགེ་བཤེས། མཁན་པོ། ལས་སྒྲུབ་མི་སྣ་བཅས་33ཞུགས་ཡོད།

དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དགེ་ལུགས་ཚོ་ཆུང་གི་ཚོ་གཙོ། ལི་ཐང་རྫོང་ལི་ཐང་དགོན་པའི་སྤྲུལ་སྐུ། ཚ་ལྟག་དགེ་ལེགས་རྒྱ་མཚོས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དཀར་མཛེས་ཁུལ་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་དང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་སྙིང་དོན། རྒྱལ་བསྟན་བློ་བཟང་བྱམས་པས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱས་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་ཀྱི་སྙིང་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། 《ཆོས་ལུགས་ལས་དོན་སྲོལ་ཡིག》དང་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཆོས་ལུགས་ལས་རིགས་མི་སྣའི་དོ་དམ་ཐབས་ཤེས།》སོགས་དོ་དམ་བྱེད་ཐབས་བཞི་སློབ་སྦྱོང་བྱས་པ་རེད།

དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ནང་བསྟན་སློབ་གཉེར་ཡོན་ཚད་དཔྱད་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཞག་པ་འཇམ་དབྱངས་མཁས་གྲུབ་ཀྱིས་སློབ་སྦྱོང་གི་གལ་ཆེ་བའི་རང་བཞིན་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ཀྲུའུ་ཞི་ཝང་དབྱང་རང་ཁུལ་ལ་བརྟག་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་སྙིང་དོན་དང་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དཀར་མཛེས་ཁུལ་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་སྙིང་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་ནན་གསུང་གནང་བ་དང་། ཕྱི་དྲོའི་ཚོགས་འདུའི་ཐོག་གྲོས་བསྡུར་དང་ཞིབ་འཇུག་བྱེད་པའི་ལས་དོན་ལ་བླང་བྱ་བཏོན་པ་རེད།

དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་བཞུགས་རྒྱུན་ལས་ཚོགས་གཙོ་གཞོན་པ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་འགན་བཞེས་པ་དང་སྦྲགས་ཐེངས་འདིའི་ཚོགས་འདུ་ཡག་པོ་འཚོག་དགོས་པའི་སྐོར་བླང་བྱ་བཏོན་པ་རེད།

ཕྱི་དྲོར་ཚོགས་ཞུགས་མི་སྣ་ཚོས་ཁུལ་ནང་བསྟན་མཐུན་ཚོགས་ནང་བསྟན་སློབ་གཉེར་ཡོན་ཚད་དཔྱད་ཞིབ་ཨུ་ལྷན་དགེ་ལུགས་ཚོ་ཆུང་གིས་ལུང་ཁྲིད་དང་བརྒྱུད་འཛིན། དབང་བསྐུར། མན་ངག་བཅས་ནང་བསྟན་རིག་གནས་རྒྱལ་ཁྲིམས་ཆོས་ཁྲིམས་དང་མཐུན་པའི་བརྒྱུད་འཛིན་ལས་ཀ་ཇི་ལྟར་བསྒྲུབ་དགོས་པའི་སྐོར་ལ་ཞིབ་འཇུག་དང་། དགེ་ལུགས་པས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་པའི་མཚན་ལྡན་བླ་མའི་མིང་ཐོབ་སློབ་དཔོན་གཏན་འཁེལ། དགེ་ལུགས་པའི་དགོན་པའི་ནང་གི་སྣོད་ལྡན་གྲྭ་བཙུན་གཏན་འཁེལ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་ཆོས་དར་འགྲོ་ཕན། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ། ནང་བསྟན་ཆོས་ལུགས་རིག་གནས་བརྒྱུད་འཛིན་ཉམས་ལེན་རྒྱལ་ཁྲིམས་ཆོས་ཁྲིམས་དང་མཐུན་པར་རྨང་གཞི་འདིང་བ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས། བོད་བརྒྱུད་ནང་བསྟན་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་མཐུན་ཡོང་གང་ཐུབ་བཅས་བྱ་རྒྱུ་རེད།།